ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོས་རྒྱ་བོད་སྐད་གཉིས་ལོ་ཙཱའི་འགྲན་སྡུར་བྱེད་སྒོ་སྤེལ་བ།
ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བ་རྒྱུན་འཛིན་དང་སྐད་གཉིས་སློབ་མའི་རྒྱ་བོད་ལོ་ཙཱའི་ནུས་པ་མཐོ་རུ་འདེགས་པར་དམིགས་ཏེ། སློབ་གྲྭའི་སློབ་མའི་ཁྲུའུ་ཡིས་སྒྲུབ་གཙོ་དང་བོད་ཡིག་སྡེ་ཁག་གིས་སྒྲུབ་རོགས་གནང་འོག སྤྱི་ཟླ11པའི་ཚེས21ཉིན་གྱི་དགོང་མོའི་ཆུ་ཚོད7:20སྟེང་སློབ་གྲྭའི་དབྱི་ཧྥི་ཐོག་ཁང་གི་སློབ་ཁང315རུ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་གཉིས་ལོ་ཙཱའི་འགྲན་སྡུར་བྱེད་སྒོ་སྐབས་དང་པོའི་རྟིང་རྩོད་འགྲན་སྡུར་དངོས་སུ་སྤེལ། བྱེད་སྒོར་འདིར་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་རབ་རྒྱས་པ་སངས་དང་སློབ་མའི་ཁྲུའུ་ཡི་འབྲེལ་ཡོད་མི་སྣ། བོད་ཡིག་སྡེ་ཁག་དང་སྐད་གཉིས་སྡེ་ཁག་སོ་སོའི་མགོ་ཁྲིད་དང་དགེ་རྒན། སློབ་མ400ཙམ་གཟིགས་མོར་ཕེབས།
ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་པའི་སློབ་མ21ཡོད་ལ། དེ་དག་ནི་བོད་ཡིག་སྡེ་ཁག་དང་སློབ་གྲྭ་ཡོངས་ཀྱི་སྐད་གཉིས་སྡེ་ཁག་བདུན་གྱི་འགྲན་ཞུགས་སློབ་མ་ཉིས་བརྒྱ་ལྷག་གི་ཁྲོད་ནས། ཡིག་ཚད་ཐོག་མ་དང་བར་མ་རིམ་པ་གཉིས་བརྒྱུད་དེ་སྐར་འབྲས་ཀྱི་རིམ་པ་ལྟར་གཟབ་ནན་ཞིབ་ཚགས་ཀྱིས་བདམས་ཐོན་བྱུང་བ་ཤ་སྟག་རེད།
རྟིང་རྩོད་འགྲན་སྡུར་ནི། མིང་གི་ལོ་ཙཱ་དང་། དཔེ་ཆོས་ལོ་ཙཱ། ཚིག་གི་ལོ་ཙཱ་བཅས་རིམ་པ་གསུམ་དུ་ཕྱེས་ཏེ། ཡུལ་དངོས་སུ་ངག་ཐོག་ནས་ལོ་ཙཱ་བྱེད་པའི་རྣམ་པས་སྤེལ་ཞིང་། མཐར་རྒྱ་ཡིག་སྡེ་ཁག་གི་སློབ་མ་པདྨ་བཀྲ་ཤིས་ཀྱིས་ཨང་དང་པོ་དང་། བོད་ཡིག་སྡེ་ཁག་གི་སློབ་མ་ཀླུ་མོ་འཚོ་དང་རྩིས་འཁོར་སྡེ་ཁག་གི་སློབ་མ་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་ཨང་རིམ་གཉིས་པ། དཔལ་འཕེལ་སྡེ་ཁག་གི་སློབ་མ་རྡོ་རྗེ་རིན་ཆེན། བོད་ཡིག་སྡེ་ཁག་གི་སློབ་མ་བཀྲ་ཁོ་དང་བཀྲ་ཤིས་དོན་འགྲུབ་བཅས་ཀྱིས་ཨང་རིམ་གསུམ་པ་བླངས་ཤིང་སོ་སོར་གཟི་བརྗིད་དཔང་ཡིག་དང་བྱ་དགའི་དཔེ་ཆ་གྱ་ནོམ་པ་གནང་།
དེ་མིན་འགྲན་ཞུགས་པ་གཞན་རྣམས་ལ་ཡང་རྟིང་སྐུལ་བྱ་དགའ་གང་འཚམ་གནང་མཐར། བོད་ཡིག་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་དཀོན་མཆོག་རྒྱ་མཚོས་བྱེད་སྒོའི་དམིགས་ཡུལ་དང་དོན་སྙིང་སོགས་ཀྱི་ཐད་ནས་ཕྱོགས་སྡོམ་གནད་ཁེལ་གནང་རྗེས་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com