ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སྣ་འཛོམས་ཤེས་བྱའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-19 08:27:00 ཀློག་གྲངས།:


       2018ལོའི་ཟླ11པའི་ཚེས13ཉིན་གྱི་དགོང་མོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་གཉིས་ཚན་ཁག་གིས་སློབ་གྲྭའི་སྐས་རིམ་ཚོམས་ཁང་དུ་བོད་ཡིག་སྣ་འཛོམས་ཤེས་བྱའི་འགྲན་སྡུར་ཞིག་སྤེལ་བ་ཡིན། དེས་བོད་ཡིག་གི་ལམ་ནས་སྣ་མང་རིག་གནས་མང་པོའི་རྒྱུན་ཤེས་རྟོགས་རྒྱུ་ནི་ད་ལྟའི་ཆ་འཕྲིན་དུས་རབས་ཀྱི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་ཡིན་ལ། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་དང་རྒྱུན་ཤེས་ཀྱི་སྐོར་མང་པོ་ཞིག་རྒྱུད་ལ་ངེས་པ། ལོ་རྒྱུས་དང་ས་རྒྱུས། སྐྱེ་དངོས། ཚན་རྩལ་སོགས་ཀྱི་ཤེས་བྱ་མོད་པོ་རྟོགས་པ། རང་ཉིད་ཀྱི་རྨང་གཞིའི་ནུས་པ་སྐྱེད་སྲིང་བྱ་བ་བཅས་དམིགས་སུ་བཟུང་བ་ཡིན།

     རྩིས་འཁོར་དགེ་རྒན་གྱི་བྱང་ཆ་དོད་པའི་ལག་རྩལ་ལས་ཤེས་བྱའི་དྲི་བ་མཐའ་དག་དེང་རབས་སྨྱན་མང་གཟུགས་ཀྱི་ཐབས་ལམ་སྤྱད་ནས་སྟབས་བདེ་དང་མྱུར་མགྱོགས་ཀྱི་བྱེད་ཐབས་བེད་སྤྱད་དེ་དྲི་བ་བརྒྱ་ཙམ་འཚོལ་སྡུད་བྱས། མདོ་འཛིན་པའི་ཁ་མཚར་དང་ཀུ་རེའི་འདྲེས་མའི་སྨྲ་ལྕེ་ལས་སློབ་མ་རྣམ་པར་མིག་རྒྱ་བསྐྱེད་ཅིང་སྤྲོ་བ་གསར་བ་ཞིག་སྦྱིན་པར་མ་ཟད། ཕན་ཚུན་ལ་འགྲན་རྩོད་ཀྱི་འདུ་ཤེས་བཅོས་མིན་དུ་བསླངས། མཚམས་རེར་འཚབ་སྣང་གི་སེམས་ཁམས་རྦ་རླབས་ལྟར་འཕྱུར་ཞིང་། ལན་རེར་རེ་སྒུག་གི་སྐོམ་པ་ཆུ་འདོད་དུ་བསླངས་པས་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ཛ་དྲག་ཆེ་ཞིང་འཁྲུག་ཆ་དོད་པར་གྱུར། ཐེངས་འདིའི་འགྲན་སྡུར་ལ་རིམ་པ་དང་པོ་ངེས་པར་ལན་འདེབས་པའི་སྐོར་ལ་དྲི་བ་བཞི་བཅུ་དང་། འཕྲོག་ལན་གྱི་སྐོར་ལ་དྲི་བ་སུམ་ཅུ། ཉེན་ཁ་ཅན་གྱི་སྐོར་ལ་དྲི་བ་སུམ་ཅུ་བཅས་ཁྱོན་བསྡོམས་དྲི་བ་བརྒྱ་ཙམ་བཀོད་སྒྲིག་བྱས་ཡོད། དྲི་བའི་ནང་དོན་གྱི་ཐད་དུའང་དཔེ་ཆའི་ཐོག་གི་ཤེས་བྱ་སྣ་གཅིག་པུ་མ་ཡིན་པར། སློབ་གསེང་གི་ཁོམ་སྐབས་ཁྲོད་ནས་སྣ་ཚོགས་རྒྱུན་མཁོའི་ཤེས་བྱ་ལ་སློབ་སྦྱོང་བྱེད་དགོས་པའི་ངེས་ཤེས་བྱིན།

     སྐར་འགོད་པས་འདྲ་མཉམ་དང་དྲང་བདེན་གྱི་སྡོམ་རྩིས་བརྒྱུད་ལོ་རིམ་ཁག་ནས་འཛིན་གྲྭ་ལྔ་བས་བྱ་དགའ་ཨང་དང་པོ་བླངས་པ་དང་། འཛིན་གྲྭ་གཉིས་པས་བྱ་དགའ་ཨང་གཉིས་པ་བླངས། འཛིན་གྲྭ་གསུམ་པས་བྱ་དགའ་ཨང་གསུམ་པ་བཅས་བླངས། གཞན་མི་སྒེར་ལའང་ཨང་དང་པོ་གཅིག ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ལ་བྱ་དགའི་སློབ་སྦྱོང་མཁོ་ཆས་དང་བྱ་དགའི་འཛིན་ཡིག་གནང་སྟེ་སྐུལ་ལྕག་གནང་བར། དེར་འདུས་དགེ་སློབ་ཡོངས་ཀྱི་ལྷང་ལྷང་ཐལ་མོའི་རྡེབ་སྒྲ་ལས་རེབ་འདིའི་བྱ་འགུལ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་ཁ་ཚོན་གཅོད་ཐུབ། བོད་ཡིག་སྣ་མང་ཤེས་བྱའི་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་འདིས་སློབ་མ་ཚོའི་སློབ་སྦྱོང་གི་ནུས་པར་འཕེལ་རྒྱས་དང་མ་འོངས་པར་ཆེད་ལས་སློབ་སྦྱོང་ཐད་ལ་སྐུལ་འདེད་ཀྱི་ནུས་པའང་ངང་ངམ་ཤུགས་ཀྱིས་བསྩལ་ཡོད་པ་གདོན་མི་ཟའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།