ཚད་མ་རིག་པ་དང་མིའི་རིགས་རིག་པའི་གཤིབ་བསྡུར་བགྲོ་གླེང་ཟི་ལིང་དུ་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2018-06-12 15:20:00 ཀློག་གྲངས།:


ཚད་མ་རིག་པ་དང་མིའི་རིགས་རིག་པའི་གཤིབ་བསྡུར་བགྲོ་གླེང་ཟི་ལིང་དུ་འཚོགས།

     སྤྱི་ཟླ6པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཐེངས་བཞི་བས་གཏན་འཁེལ་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་ཚད་མ་རིག་པ་དང་མིའི་རིགས་རིག་པའི་གཤིབ་བསྡུར་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་བགྲོ་གླེང་ཚོགས་འདུར་འགོ་འཛིན་མཛད།


མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་འགོ་འཛིན་མཛད་བཞིན་པ།

     ཐེངས་འདིའི་བགྲོ་གླེང་ལ་ཀྲུང་གོའི་གཏན་ཚིགས་རིགས་པ་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། ཚད་མ་རིག་པ་དང་ཚན་རིག་གཤིབ་བསྡུར་ལྟེ་གནས་ཀྱི་འགན་གཙོ་སྒར་བ་ངག་དབང་བཟང་བོ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལོ་རྒྱུས་ཡིག་ཚང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་གི་སློབ་གྲྭ་དང་ཞིང་ཆེན་ནང་བསྟན་སློབ་གླིང་གི་གདན་ཞུའི་དགེ་རྒན་ཆེན་མོ། མིའི་རིགས་རིག་པའི་ཉམས་ཞིབ་པ་རེབ་གོང་པ་མཁར་རྩེ་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། མིའི་རིགས་རིག་པའི་ཆེད་མཁས་པ་འབའ་སྟོད་ཚེ་དབང་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལས་འཛིན། བླ་བྲང་དགོན་པའི་དགེ་བཤེས་དར་རྒྱས་རྒྱ་མཚོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་མི། པུས་མདོ་དགོན་པའི་མཁན་པོ་ངག་དབང་འོད་ཟེར། པཎ་ཆེན་ཚད་མའི་སློབ་གླིང་གི་ཨ་ལགས་ཆུ་དམར་ཚང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་ཆེན་མོ་འོད་ཟེར་རྒྱ་མཚོ། ཨ་མདོ་བརྙན་འཕྲིན་ཁང་གསར་འགྱུར་ལྟེ་གནས་ཀྱི་ཞུ་དག་པ་ཕག་མོ་རྡོ་རྗེ་སོགས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་མི་དང་པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་སློབ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགེ་འདུན་པ་འགའ་ཤས་བཅས་ཚོགས་ཞུགས་པ་སུམ་ཅུ་ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།


མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེ་འཆད་ཁྲིད་གནང་བཞིན་པ།

     སྔ་དྲོར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། མིའི་རིགས་རིག་པའི་ཆེད་མཁས་པ་འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ཕྱི་གླིང་བའི་མིའི་རིགས་རིག་པའི་གཞུང་ལུགས་ལྟ་གྲུབ་ཁག་གི་བྱུང་འཕེལ་དང་དེ་དག་སོ་སོའི་ཞིབ་འཇུག་གི་ཐབས་ལམ། ཁྱད་ཆོས་སོགས་ཀྱི་ཐད་ནས་རིག་གཞུང་འཆད་ཁྲིད་བྱས།


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལོ་རྒྱུས་ཡིག་ཚང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མཁར་རྩེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

    ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚད་མ་རིག་པའི་འཕེལ་རིམ་དང་བྱེད་ནུས། རྒྱུན་འཛིན་དར་སྤེལ་གྱི་དོན་སྙིང་བཅས་ཐད་ནས་ངོ་སྤྲོད་བྱས་པ་མ་ཟད། ཚད་མ་རིག་པའི་རིགས་ལམ་དང་མིའི་རིགས་རིག་པའི་བྱེད་ཐབས་གཉིས་ཟུང་འབྲེལ་སྒོས་བཀོལ་སྤྱོད་བྱས་ཏེ་བོད་ཀྱི་རིག་གཞུང་སྤྱི་དང་། ཁྱད་པར་དུ་སྣ་མང་གི་དཔལ་འབྱོར་རིག་པའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་སྟེ་བོད་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཏུ་གཏོང་བ་སོགས་སྲིད་འབྱོར་རིག་གསུམ་གཙོས་པའི་སྤྱི་ཚོགས་ལས་དོན་སོ་སོར་ནུས་པ་ཇི་ལྟར་འདོན་དགོས་ཚུལ་སྐོར་ནས་གཏམ་བཤད་གནང་།

     མིའི་རིགས་རིག་པའི་ཉམས་ཞིབ་ལག་ལེན་མཁན་རེབ་གོང་པ་མཁར་རྩེ་རྒྱལ་ལགས་ཀྱིས་རང་ཉིད་ཀྱི་ལོ་མང་པོའི་རིང་གི་མིའི་རིགས་རིག་པའི་གཞུང་ལུགས་སྐོར་སློབ་གཉེར་དང་། ཡུལ་དངོས་རྟོག་དཔྱོད་ཞིབ་འཇུག་གི་ཐབས་ལམ་སྐོར་ནས་དངོས་བརྒྱུད་ཉམས་མྱོང་གླེང་ཞིང་། དེར་མ་ཟད་ཚད་མ་རིག་པ་དང་མིའི་རིགས་རིག་པ་གཉིས་ཀྱི་སོ་སོའི་ཁྱད་ཆོས་གཤིབ་བསྡུར་བགྱིས་ཏེ། ཐེངས་འདིའི་བགྲོ་གླེང་ནི་ཤར་ནུབ་རིག་གནས་དང་། གནའ་དེང་རིག་གནས། སྐྱ་སེར་རིག་གནས། སློབ་གྲྭ་དང་དགོན་སྡེའི་རིག་གནས་བཅས་ཕན་ཚུན་ཟུང་འབྲེལ་སྒོས་བསམ་བློ་བརྗེ་རེས་བྱེད་ཐེངས་ཐེངས་དང་པོ་ཡིན་ཞིང་། དེང་ཕྱིན་བོད་ཀྱི་ན་གཞོན་དག་གིས་གནའ་དེང་རིག་གཞུང་ལ་སློབ་སྦྱོང་བྱེད་ཕྱོགས་ཐད་ཕན་ཚུན་ཇི་ལྟར་ཁ་གསབ་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་ནས་དོན་སྙིང་གལ་ཆེན་ལྡན་ཞེས་གདེང་འཇོག་ཚད་མཐོན་པོ་བྱས།
     གཞན་ཡང་མཁན་པོ་ངག་དབང་འོད་ཟེར་དང་། དགེ་རྒན་འོད་ཟེར་རྒྱ་མཚོ་སོགས་ཀྱིས་རིག་གཞུང་གཉིས་ཀྱི་གཤིབ་བསྡུར་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ཅིང་། དགེ་སློབ་ཕན་ཚུན་བར་དྲི་བ་དྲིས་ལན་གྱིས་སྒོ་ནས་རིག་གཞུང་བགྲོ་གླེང་ལེགས་པོ་གནང་།


བགྲོ་གླེང་ལ་ཞུགས་པའི་མི་སྣ་ལྷན་རྒྱས་ཀྱི་མཉམ་པར།

     མཇུག་མཐར། འགོ་འཛིན་པ་དཀོན་མཆོག་རྒྱ་མཚོས་ཐེངས་འདིའི་མིའི་རིགས་རིག་པའི་འཆད་ཁྲིད་བརྒྱུད་དེ། ཚད་མ་རིག་པ་དང་མིའི་རིགས་རིག་པ་གཉིས་བར་གྱི་གཤིབ་བསྡུར་བགྲོ་གླེང་བྱས་ནས་ཚོགས་མི་རྣམས་ལ་ཚད་མ་རིག་པ་ཞིབ་འཇུག་སོགས་ཀྱི་སྐོར་ནས་ཐབས་ལམ་དང་བློ་བསྐྱེད་མི་དམན་པ་ཐོབ་ཚུལ་སོགས་ཐེངས་འདིའི་བགྲོ་གླེང་བྱ་བར་སྤྱི་སྡོམ་བྱས། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གནའ་དེང་རིག་གནས་ཟུང་འབྲེལ་དང་། ཁྱད་པར་དུ་ཚད་མ་རིག་པའི་རིགས་ལམ་བེད་སྤྱད་དེ། ཚད་མ་རིག་པ་དང་མིའི་རིགས་རིག་པ་སོགས་དེང་རབས་ཀྱི་རིག་གཞུང་མུ་མཐུད་དུ་ཟུང་འབྲེལ་དང་དར་སྤེལ་ལེགས་པོ་བྱས་ཏེ། མ་འོངས་པར་མཚོ་སྔོན་གསར་བའི་དཔལ་འབྱོར་དང་སློབ་གསོ། རིག་གཞུང་སོགས་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་གང་ལེགས་འདོན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་འབད་པ་བྱེད་དགོས་པའི་རེ་སྐུལ་བཅས་ཐེངས་འདིའི་བགྲོ་གླེང་མཇུག་བསྡུས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།