མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཟླ6པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཨུ་ལྷན་སྐད་གཉིས་ཤེས་ལྡན་མི་སྣའི་གཙོ་སྐྱོང་རྟེན་གཞི་དང་མཚོ་སྔོན་དགེ་འོས་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུ་པའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་གྱི་ཝེ་དབྱི་ན་མགྲོན་ཁང་ཆེན་མོའི་གྲོས་ཚོགས་ཁང་དུ་བདེ་བླག་ངང་སྤེལ་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཆེད་ལས་ཨུ་ཡོན་ཏུང་ཧྥུ་ཧའེ་དང་མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་མེ་ཚེ་རིང་། མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་ལྕགས་ཐར་རྒྱལ། ཁྲོན་ཡོན་ལིའང་། གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་རྡོ་རྗེ་ཚེ་རིང་བཅས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་མཛད་སྒོར་ཞུགས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་ཁྲོད་ཞིང་ཆེན་བརྙན་འཕྲིན་ཁང་དང་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་། ཞིང་ཆེན་བོད་ཡིག་ཚགས་པར། ཞིང་ཆེན་ཆ་འཕྲིན་དྲ་རྒྱའི་གསར་འགྱུར་ལྟེ་གནས། ཁུལ་དང་རྫོང་སོ་སོ་ནས་ཡོང་བའི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་སྒྲུབ་མཁན80ལྷག་ཞུགས་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་ཁྲིན་ཡོན་ལིའང་གིས་ཐེངས་འདིའི་འཛིན་གྲྭའི་མཛད་སྒོར་མདོ་འཛིན་བྱས།
ཚོགས་ཐོག་ནས། ཏུང་ཧྥུ་ཧའེ་ཡིས་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཚབ་བྱས་ཏེ་གཏམ་བཤད་གནང་བ་དང་། ཁོང་གིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་ནི2018ལོའི་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་སློབ་གསོ་གསོ་སྦྱོང་ལས་དོན་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གཉིས་ཀྱིས་མཉམ་ལས་བྱེད་པའི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཡིན། ཁོས་མི་རིགས་ལས་ཀའི་གྲུབ་ཆ་དང་ཞབས་ཞུའི་ལྟེ་གནས་ལ་ཁྱོན་ཡོངས་ནས་ཤུགས་རྐྱེན་ཐེབས་པའི་ལས་དོན་གལ་ཆེན་ཞིག་ཡིན་པར་བསྟན། མི་རིགས་སྐད་གཉིས་ལོ་ཙཱའི་ལས་དོན་དེ་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་བསམ་བློ་བརྗེ་རེས་དེ་བཞིན་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་ཡག་པོ་སློབ་རྒྱུར་ཁྲིད་སྟོན་དང་བསྔགས་བསྐུལ་བྱས་ནས། མི་རིགས་རང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་ཡག་པོ་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་ཡིས་སློབ་གྲྭའི་ཚབ་བྱས་ཏེ་གཏམ་བཤད་པ་དང་། ཁོང་གིས་བསྟན་དོན། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ནི་ང་ཚོའི་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཐག་གི་ཟམ་པ་ལྟ་བུ་ཡིན་པས། མི་རིགས་སྐད་ཡིག་ལོ་ཙཱའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་ཐད་དོན་སྙིང་གལ་ཆེན་ལྡན། གནས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་ཁ་གཏད་ཚེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་སྒྲུབ་མཁན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་འདུ་ཤེས། ལས་འགན་གྱི་འདུ་ཤེས། འོས་འགན་མྱུར་བསྒྲུབ་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་རྒྱག་དགོས། རང་རྟོགས་ངང་བསམ་བློ་ཆབ་སྲིད་བྱང་ཚད་དང་ལས་སྒོ་སྒྲུབ་ནུས་ཇེ་མཐོར་གཏང་རྒྱུ་དང་། ལས་གནས་ཐོག་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་དང་། དུས་སྐབས་གསར་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ཡག་པོ་བསྒྲུབ་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས”ཟེར། མཇུག་མཐར། ཁོང་གིས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་གོ་སྐབས་དམ་འཛིན་དང་། ནན་ཏན་གྱིས་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་ནས། མི་རིགས་སྐད་ཡིག་ལོ་ཙཱའི་རིགས་གཞུང་ཆུ་ཚད་དང་ལག་ལེན་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་ཡང་བཏོན་ཡོད།
གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ་རྗེས། མཚོ་སྔོན་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་སློབ་མ་ཚོར་བརྗོད་བྱ《བོད་ཀྱི་སྐད་ཆ་དང་ཡི་གེའི་ཁྱད་ཆོས》ཞེས་པའི་འཆད་ཁྲིད་ཐོག་མ་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com