མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་བོད་ཡིག་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-03-26 09:15:00 ཀློག་གྲངས།:

     སྤྱི་ཟླ3པའི་ཚེས23ཉིན་སྔ་དྲོར། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁག་ཅིག་གིས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་རྣམས་ལ་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་བསྡུས་ཤིང་། དེར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་དང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། གླིང་གཙོ་གཞོན་པ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། བོད་ཀྱི་སྐད་ཡིག་དང་རྩོམ་ཡིག་གི་སྡེ་ཁག་གི་སྡེ་གཙོ་དགེ་རྒན་ཆེན་མོ་ཆབ་འགག་སྟོབས་ལྡན། བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གཞུང་ལས་ཁང་གི་དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེ་བཅས་དང་། དེ་མིན་གསེར་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས། གསེར་ཆེན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་གཅོད་པ་དོན་གྲུབ། རྫོང་སློབ་དཔྱོད་ཁང་གི་བཀྲ་ཤིས་བཅས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་ཕེབས་ཤིང་། སློབ་གཙོ་གཡུང་དྲུང་བསྟན་པ་གཙོ་བྱས་པའི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་དང་སྐད་གཉིས་དགེ་རྒན་ཡོངས་རྫོགས་ཞུགས་ཡོད།


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་སློབ་གཙོ་གཞོན་པ་ཡོན་ཏན་གྱིས་ཐེངས་འདིའི་ཚོགས་འདུ་ལ་འགོ་འཛིན་མཛད།

     ཐོག་མར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཡུང་དྲུང་བསྟན་པས་ལོ་ངོ་གཉིས་ཀྱི་རིང་ལ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚོས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ནང་རིག་རྒྱུན་ཤེས་དང་། ལོ་རྒྱུས་ཤེས་བྱ། ཚིག་རྒྱན་རིག་པ། ལེགས་བཤད་བསླབ་བྱ། བརྡ་སྤྲོད། སློབ་ཁྲིད་བྱེད་ཐབས་སོགས་བུམ་པ་གང་བྱོའི་ཚུལ་དུ་ཆེད་ལས་ཀྱི་ངོས་ནས་འཆད་ཁྲིད་ཡག་པོ་མཛད་པས་དགེ་རྒན་ཚོས་སྔར་མ་ཤེས་པ་དང་མ་རྟོགས་པའི་མདུད་པ་གསལ་བོར་བཀྲོལ་ཅིང་ཤེས་བྱའི་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་བཏང་བར་མ་ཟད།སྐད་ཡིག་བསླབ་དེབ་ཁྲོད་ཀྱི་དཀའ་གནད་དང་དོགས་གནད་སྐོར་ལ་མཛུབ་མོ་རི་སྟོན་བགྱིས་པས་དགེ་རྒན་ཚོའི་བློ་ངོར་ནམ་ལངས་ཀྱི་ཉི་ཤར་ཇི་བཞིན་གསལ་བོར་བྱས་ཡོད། དེས་སློབ་གྲྭ་འདིའི་སྐད་ཡིག་དགེ་རྒན་ཚོས་བསྐྱངས་པའི་སློབ་བུ་དག་གི་སྦྱངས་འབྲས་ཀྱང་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། དགེ་རྒན་རྣམས་ལ་བོད་ཀྱི་རིག་གཞུང་གི་ཟབ་སར་འཇུག་འདོད་ཀྱི་མོས་པ་བསླངས་ལ། རང་གི་ལས་གནས་ལ་བཟུང་བའི་རེ་བ་དང་ཡིད་ཆེས་ཀྱང་ཇེ་བརྟན་བཏང་ཡོད་པའི་རྒྱུ་མཚན་ཞུ་འབུལ་བྱས་པ་དང་སྦྲགས། ཁོང་ཅག་ལ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུས།
     མཇུག་ཏུ་སློབ་གཙོ་གཡུང་དྲུང་བསྟན་པས་ཐེངས་འདིའི་གསོ་སྦྱོང་གི་དོན་སྙིང་ལ་དམིགས་ནས་འབྱུང་འགྱུར་ཡང་བོད་ཡིག་དགེ་རྒན་གཞིར་བྱས་སྐད་གཉིས་དགེ་རྒན་རྣམས་གསོ་སྦྱོང་གི་བྱེད་སྒོ་མུ་རུ་སྤེལ་བའི་རེ་བ་སྐོམ་པའི་ཆུ་འདོད་ལྟར་ཡོད་ཚུལ་ཞུ་འབུལ་བྱས།
     དེའི་འཕྲོར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚོས་བྱ་བའི་བྲེལ་ཟིང་བར་ནས་སློབ་ཁྲིད་ཀྱི་བཀའ་དྲིན་ལེགས་པར་བསྐྱངས་པ་ལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཁག་ཅིག་གིས་དྲིན་གཟོའི་ཤིས་ཚིག་ཕུལ།

     བར་དུ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་སྟེ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ཡིས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ལ་མི་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ནས་གླེང་བསླངས་ཏེ། དགེ་རྒན་ལ་ཚང་འོས་པའི་ཆ་རྐྱེན་ཏེ། རིག་གནས་ཤེས་བྱ་དང་གཞན་ཕན་ལྷག་བསམ་དང་བཅས་པའི་རྩ་བའི་རྒྱུ་སྤུས་བཞི་དང་སློབ་མའི་རྩ་བའི་རྒྱུ་སྤུས་ལྔ། བོད་ཀྱི་རིག་གཞུང་ལ་ཐོས་བསམ་བྱེད་པའི་གལ་ཆེའི་རང་བཞིན་སྐོར་ནན་བཤད་བྱས་ཤིང་། འབྱུང་འགྱུར་ཡང་ལྕོགས་ཚོད་ཀྱིས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དམིགས་སུ་བཟུང་ནས་གཞི་རིམ་གྱི་སློབ་གྲྭ་ཁག་གི་སློབ་ཁྲིད་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུའི་འདུན་པ་བཅངས་ཡོད་ཚུལ་གསུངས།


དགེ་རྒན་ཆེན་མོ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལྷན་རྒྱས་དྲན་རྟེན་འདྲ་པར།

     མཇུག་ཏུ་གསེར་ཆེན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྣམས་ཀྱིས་གསེར་ཆེན་རྫོང་གི་མི་རིགས་སློབ་གསོར་ཐུགས་ཁུར་གནང་སྟེ་བོད་ཡིག་དགེ་རྒན་གསོ་སྦྱོང་གི་བྱེད་སྒོ་འདི་འདྲ་ཞིག་སྤེལ་བར་སེམས་གཏིང་ནས་བཀའ་དྲིན་ཞུས།
     གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཡོན་ཏན་གྱིས་ཐེངས་འདིའི་ཚོགས་འདུ་ལ་སྤྱི་སྡོམ་མཛད་ཅིང་གསེར་ཆེན་རྫོང་གི་མི་རིགས་སློབ་འབྲིང་གི་སློབ་ཁྲིད་ཀྱི་བྱ་བ་ཡར་ངོའི་ཟླ་བཞིན་འཕེལ་བའི་བཀྲ་ཤིས་སྨོན་འདུན་དང་ཞུས་ཏེ་ཚོགས་འདུ་མཇུག་རྫོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།