ཁྲི་ཀ་རྫོང་གི་ལག་གྲུག་འགྲན་སྡུར་སྐབས་བཅུ་གསུམ་པ་སྤེལ་བ།
འགྲན་ཞུགས་རུ་ཁག་སོ་སོ།
སྤྱི་ཟླ7པའི་ཚེས31ནས་སྤྱི་ཟླ8པའི་ཚེས6ཉིན་བར། ཁྲི་ཀ་རྫོང་གི་ལུས་རྩལ་རིག་གནས་ཕུན་སུམ་ཇེ་ཚོགས་དང་གཞོན་སྐྱེས་པ་མང་པོའི་ལག་གྲུག་ཆུ་ཚད་མཐོར་འདེགས་གཏོང་ཆེད་དུ། སྐབས་བཅུ་གསུམ་པའི་ལི་སྡོང་བུམ་པ་རྟགས་མའི་ལག་གྲུག་འགྲན་སྡུར་དེ་བསྟུད་མར་ཉིན་དྲུག་གི་རིང་དུ་ཁྲི་ཀ་རྫོང་ལྒང་རྩེད་ར་བའི་ནང་དུ་གཟབ་རྒྱས་ངང་བསྡུས། ལོ་རེར་ཐེངས་རེར་སྤེལ་བཞིན་པའི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ལག་གྲུག་འགྲན་སྡུར་ནི་ཆུ་ཚད་ཆེས་མཐོ་ཞིང་ཁེབས་རྒྱ་ཆེས་ཆེ་བའི་ལག་གྲུག་འགྲན་སྡུར་ཞིག་ཡིན་ལ། བསྟུད་མར་ལོ་བཅུ་གཉིས་ལ་འགྲན་སྡུར་སྤེལ་བར་ཁྲི་ཀ་རྫོང་གཙོ་བྱས་པའི་རྫོང་ཁག་གཞན་པའི་ན་གཞོན་ལྒང་རྩེད་པ་ཇི་སྙེད་ཅིག་སྐྱེད་སྲིང་བྱས་མྱོང་བ་རེད།
ཡུལ་དངོས་འགྲན་བསྡུར།
སྔོན་ལོ་དང་མི་འདྲ་ས་ཞིག་ཡོད་པ་ནི་རེབ་འདིའི་འགྲན་བསྡུར་ལ་དར་མའི་ཚོ་ཁག་དང་ན་གཞོན་ཚོ་ཁག་གཉིས་སུ་བགར་བ་དང་། ཚོ་ཁག་གཉིས་ཀར་ཁྱོན་སྡོམ་རུ་ཁག་བཅུ་དྲུག་གིས་གྲུབ་ཡོད་ཅིང་། འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་ཚུལ་ལྡན་དང་འདྲ་མཉམ། དྲང་བཞག གཟུར་མེད་ཀྱི་འགྲན་སྡུར་ལེགས་པོ་ཞིག་སྤེལ་ཆེད། ཁྲི་ཀ་རྫོང་ལག་གྲུག་མཐུན་ཚོགས་ཀྱིས་རྒྱལ་ཁབ་རིམ་པའི་ཟི་ལིང་གི་ཤན་འབྱེད་པ་འགའ་གདན་འདྲེན་བྱས་ཏེ། རྒྱ་ཆེའི་ལྟད་མོ་བར་ཡིད་དབང་འགུག་ཅིང་ལྟ་རིན་ཡོད་པའི་འགྲན་སྡུར་ལེགས་པོ་ཞིག་སྟོན་ཐུབ་པ་བྱུང་།
ཉིན་རེ་རེའི་ནངས་མོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་ནས་མགོ་བརྩམས་ཏེ་དགོང་མོའི་དུས་ཚོད་བཅུ་ཐམ་པའི་བར་ཏེ། ཉིན་གཅིག་ལ་ཆ་སྙོམས་འགྲན་ཐེངས་དྲུག་རེ་འགྲན་སྡུར་སྤེལ་བ་ན། ལག་གྲུག་འགྲན་སྡུར་ལ་ལྟ་རྒྱུར་དགའ་བའི་རྒན་དར་གཞོན་གསུམ་རྣམས་འཚང་ཁ་ཤིག་ཤིག་ཏུ་ལྟད་མོ་ལ་རུབ་ཅིང་། སོ་སོ་དགའ་མོས་ཡོད་པའི་རུ་ཁག་ལ་ཀི་རིང་དང་ཐལ་མོ་རྡེབ་སྒྲའི་སྐུལ་ལྕག་གནང་། ལག་གྲུག་རུ་ཁག་སོ་སོའི་མདོག་མཛེས་ཤིང་ཆ་མཉམ་པའི་ལྭ་བ་སྣ་ཚོགས་དང་ལྭ་བའི་སྟེང་དུ་བོད་ཡིག་བཀོད་པའི་རུ་ཁག་གི་མཚན་མིང་བཅས་ཀྱིས་འགྲན་སྡུར་སྔོན་གྱི་གྲ་སྒྲིག་ཕུན་སུམ་ཚོགས་པ་བཟོས།
ཡུལ་དངོས་འགྲན་བསྡུར།
ཁྲིད་སྟོན་པའི་ཇུས་གཞི་དང་བཀོད་འདོམས། ལྒང་རྒྱག་རུ་མི་ལྔ་པའི་མཉམ་འབྲེལ་དང་ལྒང་རྩེད་པ་སོ་སོའི་ཐུན་མིན་གྱི་རྩལ་ནུས་ཀྱིས་འགྲན་ཐེངས་རེ་རེ་འཁྲུག་ཆ་དོད་ཅིང་ཛ་དྲག་ལྡན་ན་ཡང་། མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་འོག་ཏུ་ལྟད་མོ་བར་བྲེལ་འཚུབ་དང་ཡིད་སྨོན་འཆོར་བའི་སེམས་ཚོར་བྱིན། རྒྱལ་ཁ་ཡོད་ས་རུ་ཕམ་ཁ་ཡོད་པ་ཆོས་ཉིད་ཡིན་པས་ན། ཉིན་མ་རེ་རེའི་ལྒང་རྒྱག་པའི་སྐར་གྲངས་གསོག་སྣོན་གྱི་འབད་བརྩོན་དང་ངར་ཤུགས་བརྒྱུད་མཐར། 2017ལོའི་དར་མའི་རུ་ཁག་གི་ལག་གྲུག་འགྲན་སྡུར་ཁྲོད་དུ་སྒྲོལ་མ་སྐྱེ་ཁམས་གླིང་གིས་ཨང་དང་པོའི་བྱ་དགའ་བླངས་པ་དང་། སྲིན་པོ་རི་སྤྱང་གིས་ཨང་གཉིས་པའི་བྱ་དགའ་བླངས། ན་གཞོན་རུ་ཁག་ལས་ཅང་ཤེས་རྒོད་པོ་རུ་ཁག་གིས་བྱ་དགའ་ཨང་དང་པོ་བླངས། གཞན་ཐུན་མོང་བྱ་དགའ་ལ་ཀུན་སྤྱོད་མིག་དཔེ་རུ་ཁག་དང་ཡར་ཐོན་རུ་ཁག་གཉིས་ཁ་སྣོན་བྱས་ཡོད་ལ། མི་སྒེར་བྱ་དགའ་ལ་སྐར་གསུམ་འཕེན་མཁན། རྩལ་ནུས་འཛོམས་མཁན། གྲུག་པང་འཕྲོག་མཁན་སོགས་བྱ་དགའི་རྣམ་གྲངས་འགའ་ཡང་གསར་དུ་བསྣན་ཡོད།
བྱ་དགའ་གནང་བ།
ཐེངས་འདིའི་འགྲན་སྡུར་བརྒྱུད་ལག་གྲུག་རྩེད་རྒྱུར་དགའ་བའི་ན་གཞོན་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད་ལ། ཁོ་ཚོས་ལུས་རྩལ་རིག་གནས་ལ་འབད་པ་བྱས་པའི་འབྲས་བཟང་ཡང་ད་ལོའི་ལྒང་རྩེད་ར་བ་རུ་གསལ་སྟོན་བྱེད་ཐུབ་པ་བྱུང་། ཚེ་སྲོག་གི་རྒྱུན་སྲིང་པ་ལ་འགུལ་སྐྱོད་མེད་དུ་མི་རུང་ཞེས་པ་ལྟར། མ་འོངས་འབྱུང་འགྱུར་ལ་ལུས་རྩལ་རིག་གནས་མུ་མཐུད་དུ་དར་སྤེལ་བཏང་སྟེ་བོད་ཀྱི་ལག་གྲུག་པ་ཕུལ་བྱུང་ཅན་མང་པོ་འཛམ་གླིང་གི་འགྲན་སྡུར་ཁྲོད་འབྱུང་ཐུབ་པའི་རེ་བ་དང་ཡིད་ཆེས་ཟབ་མོ་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com