ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་སྐབས་དྲུག་པ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-06-13 14:53:00 ཀློག་གྲངས།:

 

     2017ལོའི་ཟླ6བའི་ཚེས10ཉིན་གྱི་དགོང་མོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་ཡིག་ཚན་ཁག་གིས་སྐས་རིམ་སློབ་ཁང་ནང་དུ་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་སྤེལ། དབྱར་ཟླ་ལྔ་བའི་ལྗང་མདོག་གི་ལྟ་ན་སྡུག་པའི་དུས་ཚིགས་འདིར་ང་ཚོའི་ལུས་སེམས་གཉིས་ལ་གནོན་མི་ཐུབ་པའི་སྤྲོ་བ་སྦྱིན་འོང་ལ་གསོན་ཤུགས་བཀྲ་བའི་ཚོར་བ་རྣོན་པོ་ཞིག་ཀྱང་ཞར་དུ་སྐྱེས་འོངས་པས་ང་ཚོས་རང་སེམས་ཀྱི་ཚོར་བ་རྣལ་མ་དེ་ཡིག་ཐོག་ཏུ་ཕབ་སྟེ་རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་རྨང་གཞི་འདིང་བ་དང་། རྨང་གཞི་དེའི་སྟེང་ནས་ན་གཞོན་རྩོམ་པ་པོ་རུ་འགྱུར་རྒྱུར་བརྩོན་ལེན་བྱེད། གནས་བབ་འདི་དཀྱུས་སུ་བཟུང་སྟེ་སློབ་མའི་རྩོམ་འབྲིའི་ནུས་པ་སྔོག་འདོན་དང་། རྩོམ་རིག་ལ་དགའ་བའི་འདུན་པ་སྐྱེད་ཆེད་འཛིན་གྲྭ་རེ་ནས་སློབ་བུ་གཉིས་རེ་བདམས་ཏེ་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།

     དགེ་རྒན་རྣམ་པའི་རྟོག་ཞིབ་ཀྱི་འོག་ཏུ་བཤུ་འབྲི་དང་བརྐུས་འབྲི། གཡོ་ཟོལ་སོགས་ཀྱི་སླ་བཅོས་ཀྱིས་མ་བཅིངས་པར་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་བེད་སྤྱད་ནས་སློབ་མ་རང་ཉིད་ཀྱི་རྩལ་ཤུགས་ངོ་མ་འདོན་པའི་སྟེགས་བུ་བཟང་པོ་ཞིག་བསྐྲུན། འགྲན་བསྡུར་གྱི་གོ་རིམ་ཁྲོད་དུ་འགྲན་ཞུགས་སློབ་མ་ཚོས་རེ་འགར་མིག་ཟུང་རྒྱང་ལ་ཕྱོགས་ཏེ་བསམ་གཞིག་གི་རབ་ཁར་འགྲེང་བ་དང་། མཚམས་རེར་ཤོག་དཀར་ངོས་སུ་སོར་མོའི་འདུ་བྱེད་བསྒྱུར་བའི་ཧྲག་ཧྲག་གི་སྒྲ་ཁོ་ན་ལས་མི་ཚོར་བ་འདིས་སློབ་གྲོགས་རྣམས་ཀྱིས་རབ་དཀར་ཤོག་བུའི་སྤང་ཐང་ངོས་སུ་ཚོར་བའི་རྟ་ལ་བཅིབས་ཏེ་རང་ཉིད་ཀྱི་རྩལ་ནུས་འདོན་པ་ར་སྤྲོད་བྱེད་ཐུབ།

     རྩོམ་ཡིག་འགྲན་བསྡུར་བདེ་ལེགས་ངང་སྤེལ་རྗེས།  ལོ་རིམ་སོ་སོའི་བོད་ཡིག་དགེ་རྒན་རྣམས་ཀྱིས་རེབ་འདིའི་འགྲན་བསྡུར་འདྲ་མཉམ་དང་དྲང་བདེན་ཅན་ཞིག་ཡོང་ཆེད། འགྲན་ཞུགས་རྩོམ་ཡིག་དག་ཕན་ཚུན་བསྣོལ་མར་བརྗེས་ཏེ་དཔྱད་འཇོག་བྱས་ཤིང་སྐར་འབྲས་བཀོད།    མཇུག་མཐར་དཔྱད་འདེམས་པའི་གཟུར་མེད་ཡོ་མེད་ཀྱི་ཕྱོགས་བསྡོམས་བརྒྱུད་སློབ་གྲོགས་མཁར་བྱམས་རྒྱལ་དང་ཀླུ་མོ་ཐར་སོགས་སློབ་མ་ཉེར་བཞི་ལ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་པ་དང་། བྱ་དགའ་ལ་གཟི་བརྗིད་དཔང་ཡིག་རེ་དང་། ལོ་རྒྱུས་ཀྱི་དཔེ་ཆ། རྩོམ་རིག་གི་དཔེ་ཆ། དག་ཡིག་གསར་བསྒྲིགས་སོགས་དངོས་རྫས་གྱ་ནོམ་པ་དགའ་རྟགས་སུ་གནང་། དེ་དང་ཆབས་ཅིག་ཏུ་རྩོམ་ཡིག་ལེགས་ཤོས་དག་གདམ་བསལ་བྱས་ཏེ་རང་སློབ་གྲྭའི<<ཞོགས་གླུ>>ཚགས་པར་སྟེང་བཀོད་དེ་ཚད་ལྡན་གྱི་རྩོམ་ཡོན་ཡང་སྟེར་བའི་གྲོས་ཐག་བཅད། ཐེངས་འདིའི་བརྗོད་བྱ་གཅིག་པའི་རྩོམ་ཡིག་འགྲན་སྡུར་འདི་སྤེལ་བ་བརྒྱུད་སློབ་མ་ཀུན་ལ་རྩོམ་ཡིག་འབྲི་བའི་སྐུལ་སློང་དང་གོ་སྐོན་བློ་འགུག་གི་སློབ་གསོའི་ཆའང་མི་དམན་པ་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།