སློབ་གཙོ་བརྒྱད་ཅུ་ལྷག་ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསེང་སློབ་ཁྲིད་ལ་གཟིགས་ཞིབ་ཏུ་ཕེབས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-03-29 17:41:00 ཀློག་གྲངས།:

       
གཟིགས་ཞིབ་ཏུ་ཕེབས་པའི་རྣམ་པ།

      མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ལས་སྒྲུབ་ཚན་ཆུང་དང་མཚོ་ལྷོ་ཁུལ་གྱི་རྫོང་ཁག་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་བརྒྱད་ཅུ་ལྷག་མཉམ་གཅིག་ཏུ་འཛོམས་ཏེ་ཟླ་འདིའི་ཚེས་24ཉིན་ངེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྲོ་སྣང་སློབ་ཁྲིད་དམ་སློབ་གསེང་སློབ་ཁྲིད་ལ་གཟིགས་ཞིབ་ཏུ་ཕེབས།
       སྤྲོ་སྣང་སློབ་ཁྲིད་དམ་སློབ་གསེང་སློབ་ཁྲིད་ནི་སློབ་ཁང་སློབ་ཁྲིད་ལས་འདས་པའི་སློབ་གྲྭའི་ཕྱི་རོལ་གྱི་སློབ་ཁྲིད་ཅིག་ཡིན་ལ། ལོ་རིམ་སོ་སོའི་སློབ་མ་དག་གིས་རང་རང་གི་དགའ་མོས་ལྟར་དུ་སྤྲོ་སྣང་ཚན་ཆུང་དུ་ཞུགས་ཆོག་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཞིག་ཡིན། སློབ་གྲྭའི་བཀོད་སྒྲིག་ལྟར་དུ་སློབ་གྲྭའི་རྩལ་སྦྱོང་ར་བའི་གཡོན་ཕྱོགས་ནས་མགོ་བརྩམས་ཏེ་གྲུ་ཁ་གང་རུང་དུ་ཚན་ཆུང་གི་ནང་དོན་དང་མཐུན་པའི་འཕྲེད་བྱང་འཐེན་ཏེ་ས་གནས་སོ་སོར་གཏན་འཁེལ་བྱས་ཡོད། ངེད་སློབ་གྲྭའི་དགེ་རྒན་དག་གིས་སྔོན་བྱོན་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཙོ་བོར་བཟུང་སྟེ་ཚན་ཆུང་ཡང་མང་པོ་བཙུགས་ཡོད་དེ། དམངས་སྲོལ་རིག་གནས་ཚན་ཆུང་དུ་གནའ་གཏམ། ཨ་རྩེད། བཤད་པ་བཅས་ཀྱི་ཚན་ཆུང་དང་། ལུས་རྩལ་ཚན་ཆུང་དུ་ལག་རྩེད་སྤོ་ལོ། རྐང་རྩེད་སྤོ་ལོ། དྲག་རྩལ། སྒྱུ་རྩལ་ཚན་ཆུང་དུ་ཞབས་བྲོ། སྙན་ངག་གྱེར་འདོན། རི་མོ། རྣོ་སྦྲེང། ས་ཁི་སི། ཀ་པེད། འབུད་རྡུང་བཅས་ཀྱི་ཚན་ཆུང་ལས་གཞན་བཙིར་འགྱིག་དང་ལྔ་འགྱིག རྒྱ་འགྱིག་སོགས་ཀྱི་ཚན་ཆུང་བཙུགས་པ་ལ་སློབ་མ་རྣམས་རང་རང་གི་དགའ་མོས་ལྟར་དུ་གང་འདོད་དུ་ཟབ་ཞུགས་བྱས་ཡོད།  མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ལས་སྒྲུབ་ཚན་ཆུང་དང་མཚོ་ལྷོ་ཁུལ་གྱི་རྫོང་ཁག་སོ་སོའི་སློབ་གཙོ་བརྒྱད་ཅུ་ལྷག་སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ་ངེད་སློབ་གྲྭའི་སྒོ་ཆེན་བརྒྱུད་དེ་རྩལ་སྦྱོང་ར་བའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ན། ཚན་ཆུང་སོ་སོས་རང་རང་གི་གཏན་འཁེལ་ས་གནས་སུ་དུས་རྒྱུན་སློབ་གསེང་གི་དུས་ཚོད་མང་པོ་བེད་སྤྱད་དེ་དཀའ་སྤྱད་སྡུག་རུས་སྒོས་སྦྱོང་བརྡར་བྱས་པའི་འབྲས་བཟང་ཕྱི་རུ་འགྲེམ་སྟོན་བྱེད་པའི་གླགས་བཟང་བོ་ཞིག་སྟེ། ལུས་ལ་བོད་པ་རང་གི་ཁྱད་ཆོས་ལྡན་པའི་བོད་ལྭ་གོན་ཏེ་མཉེན་ལྕུག་སོར་མོའི་རྩལ་གྱིས་བྱང་ཆ་དོད་པའི་ངང་འབུད་རྡུང་དཀྲོལ་གསུམ་བྱེད་པ་དང་། གྲུ་ཁ་ལ་ལར་སྟངས་སྟབས་གར་གྱི་ཉམས་བརྒྱད་རྫོགས་པའི་ཞབས་བྲོ་འཁྲབ་པ། སྤྲེའུའི་ཡང་རྩལ་དང་སྟོབས་རྩལ་འཛོམས་པའི་སྤོ་ལོ་རྩེ་བ། གསལ་དག་སྙན་གསུམ་འཛོམས་པའི་སྨྲ་ལྕེ་ལས་བོད་པ་རང་གི་དྲི་མས་བརྒྱན་པའི་གནའ་གཏམ་གྱི་རིགས་བཤད་པ། མིག་མང་གི་ཤོ་རྡེ་རེ་རེ་འཇོག་སྟངས་ལ་བསམ་བློ་ནང་དུ་བཀུག་པའི་རྣམ་པ། གྲེ་འགྱུར་ངག་ལ་བཅོལ་བའི་གྱེར་འདོན་གྱི་ཚུལ་སོགས་རང་རང་ས་རུ་རང་རང་གི་ལྷན་སྐྱེས་ཀྱི་འཇོན་ཐང་མངོན་བཞིན་འདུག མགོ་ཁྲིད་གཟིགས་ཞིབ་པ་རྣམ་པས་ཀྱང་བློ་རྩེ་གཅིག་ལ་གཏད་དེ་ཚན་ཆུང་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་དང་དཔྱད་འཇོག་བྱེད་གིན་འདུག གོ་ཐོས་ལྟར་ན་རེབ་འདིའི་སྤྲོ་སྣང་སློབ་ཁྲིད་དམ་སློབ་གསེང་སློབ་ཁྲིད་ལ་གོང་རིམ་མགོ་ཁྲིད་རྣམ་པས་གདེང་འཇོག་མི་དམན་པ་ཐོབ་ཡོད་ལ། ཚན་ཆུང་གི་བྱེད་སྒོ་འདི་ལྟ་བུས་ད་གཟོད་ན་ཆུང་སློབ་མ་འདི་དག་སྣ་མང་རིག་གནས་ལ་སྤྲོ་བས་འཇུག་ཅིང་མ་འོངས་པར་འཇོན་ཐང་ཅན་གྱི་མི་སྣ་དག་སྐྱེད་སྲིང་བྱེད་པར་རྨང་གཞི་ལེགས་པོ་བཏང་ཡོད་པ་དང་། རྗེས་ཕྱོགས་སུའང་སྤྲོ་སྣང་ཚན་ཆུང་གི་བྱེད་སྒོ་འདི་དག་མ་ཉམས་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་ནན་མོ་བཏོན་པ་རེད།

སློབ་གསེང་སློབ་ཁྲིད་ཀྱི་རྣམ་པ།








འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།