གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་འཛིན་འཚོལ་བཤེར་ལ་དཔེ་སྦྱིན་གནང་བ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-28 10:16:00 ཀློག་གྲངས།:
     ད་རེབ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཐུགས་འདུན་ཟབ་ཅིང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ལ་ཤུགས་རྒྱ་ཆེན་པོ་རྒྱག་བཞིན་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ངེད་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལ་ལྷག་བསམ་རྣམ་པར་དག་པས་རྒྱབ་སྐྱོར་གནང་སྟེ།  ཁོང་ཚོས་དཀའ་བ་བརྒྱ་ཕྲག་ཁྱད་དུ་སེལ་ནས་འཚོལ་བསྡུ་དང་ལེགས་སྒྲིག་གནང་བའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆ་ཚང་གི་གློག་རྡུལ་མ་ཕྱི་དང་། བོན་གྱི་བཀའ་བརྟེན་པར་བཤུས་མ་ཡིག་ཆ་ཚང་བཅས་ངེད་ཡོངས་འཛིན་ཡིག་ཚང་དུ་རིན་མེད་གཟིགས་འབུལ་གནང་ནས་འཛམ་གླིང་གི་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་བའི་གཞན་ཕན་གྱི་ཐུགས་འདུན་བསྟན་ཡོད།

     གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆ་ཚང་གི་གློག་རྡུལ་མ་ཕྱི་ལས་དེབ་རེ་རེ་བཞིན་དྲངས་ན། དེབ་དང་པོ་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར་ལ་ཆོས་ཚན་ལྔ་དང་། དེབ་གཉིས་པ་བརྡ་དག་སྒྲ་སྦྱོར་གྱི་སྐོར་ལ་ཆོས་ཚན་དྲུག དེབ་གསུམ་པ་སྙན་ངག་མངོན་བརྗོད་ཀྱི་སྐོར་ལ་ཆོས་ཚན་ལྔ། དེབ་བཞི་བ་བཟོ་རིག་དང་རྩིས་ཀྱི་སྐོར་ལ་ཆོས་ཚན་དགུ། དེབ་ལྔ་བ་གསོ་རིག་འབུམ་བཞི་ལ་ཆོས་ཚན་གཅིག དེབ་དྲུག་པ་བསྡུས་ཚད་བློ་རྟགས་ཀྱི་སྐོར་ལ་ཆོས་ཚན་བདུན། དེབ་བདུན་པ་བྱང་ཆུང་ལམ་རིམ་བློ་སྦྱོང་གི་སྐོར་ལ་ཆོས་ཚན་ལྔ། དེབ་བརྒྱད་པ་ཐེག་རིམ་དང་དབུ་མའི་སྐོར་ལ་ཆོས་ཚན་བཅུ་གཉིས། དེབ་དགུ་བ་ཐེག་པ་ཆེན་པོ་ས་ལམ་གྱི་སྐོར་ལ་ཆོས་ཚན་དགུ། དེབ་བཅུ་བ་ཤེར་ཕྱིན་སྔ་དུམ་གྱི་སྐོར་ལ་ཆོས་ཚན་བཞི། དེབ་བཅུ་གཅིག་པ་ཤེར་ཕྱིན་ཕྱི་དུམ་གྱི་སྐོར་ལ་ཆོས་ཚན་བརྒྱད། དེབ་བཅུ་གཉིས་པ་སྣང་སྲིད་མཛོད་ཕུགས་ཀྱི་སྐོར་ལ་ཆོས་ཚན་ལྔ། དེབ་བཅུ་གསུམ་པ་འདུལ་བ་རྒྱས་བསྡུས་ཀྱི་སྐོར་ལ་ཆོས་ཚན་བརྒྱད། དེབ་བཅུ་བཞི་བ་སྡེ་སྣོད་མཛོད་རྩ་འགྲེལ་ལ་ཆོས་ཚན་གཉིས། དེབ་བཅོ་ལྔ་བ་སྤྱི་སྤུངས་བསེན་ཐུབ་ཀྱི་སྐོར་ལ་ཆོས་ཚན་གཉིས། དེབ་བཅུ་དྲུག་པ་གསང་སྔགས་རྒྱུད་དྲུག་གི་སྐོར་ལ་ཆོས་ཚན་བཞི། དེབ་བཅུ་བདུན་པ་གསང་སྔགས་བཀའ་འགྲེལ་གྱི་སྐོར་ལ་ཆོས་ཚན་གསུམ། དེབ་བཅོ་བརྒྱད་པ་གསང་སྔགས་མ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་དགུ། དེབ་བཅུ་དགུ་བ་རྫོགས་ཆེན་ཚད་མའི་སྐོར་ལ་ཆོས་ཚན་བཅུ། དེབ་ཉི་ཤུ་བ་རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར་ལ་ཆོས་ཚན་བཞི། དེབ་ཉེར་གཅིག་པ་རྫོགས་ཆེན་སྐུ་གསུམ་རང་ཤར་ལ་ཆོས་ཚན་གཅིག  དེབ་ཉེར་གཉིས་པ་བྱང་སེམས་གབ་པའི་རྩ་འགྲེལ་ལ་ཆོས་ཚན་ལྔ། དེབ་ཉེར་གསུམ་པ་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལ་ཆོས་ཚན་གཅིག  དེབ་ཉེར་བཞི་བ་རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་ལ་ཆོས་ཚན་གཅིག  དེབ་ཉེར་ལྔ་བ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལ་ཆོས་ཚན་གཅིག་བཅས་ཁྱོན་བསྡོམས་དེབ་ཉེར་ལྔ་ལ་ཆོས་ཚན་བརྒྱ་དང་ཉི་ཤུ་རྩ་བདུན་ཡོད། བོན་གྱི་བཀའ་བརྟེན་པར་བཤུས་མ་ཡིག་ཆ་ཚང་བཅས་ཡོད།

     “དེ་ཡང་སྤྱི་ལོ་སྔོན་གྱི་ལོ་ངོ་ཆིག་ཁྲི་བཞི་སྟོང་ལྷག་གི་སྔ་རོལ་ཏུ། སྙིང་རྗེ་ཆེན་པོ་གཞན་དབང་གི་སྟོབས་ལས། རྣམ་མཁྱེན་སྟོན་པ་གཤེན་རབ་འཁོར་མཚན་ལྡན་ཁྱེའུ་བཞི་དང་བཅས་པ་ཞང་བོད་ཀྱི་ཡུལ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་གདུལ་བྱའི་ཚོགས་རྗེས་སུ་བཟུང་ཞིང་། དེ་དང་ལྷན་དུ་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད། རང་ཅག་གི་མེས་པོ་དག་གིས་ཟུངས་ཁྲག་དང་རྔུལ་ཆུ་ལས་བསྐྲུན་པའི་འོད་སྟོང་འབར་བའི་ཤེས་རིག་ཕུན་ཚོགས་ཤིག་བུ་རབས་ཚ་རྒྱུད་ཚོར་བཞག་ཡོད་ལ། དེང་འདིར་ང་ཚོས་ཤེས་རིག་དེ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་རྒྱུ་ནི། རང་མི་རིགས་ས་སྒང་ཆེན་པོ་འདིའི་སྟེང་ཡུན་རིང་དུ་འཚོ་བར་ཐད་ཀར་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ནང་གི་གཙིགས་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཤེས་རིག་བང་མཛོད་ལ་མཚོན་ནའང་བླ་ན་མེད་པའི་ལེགས་སྐྱེས་ཤིག་རེད།”ཅེས་དཔེ་ཚོགས་འདིའི་མཇུག་བྱང་དུ་བཀོད་ཡོད་པ་ལྟར་རིན་ཐང་གཞལ་དུ་མེད་དོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།