བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཁྱབ་བསྒྲགས་ཚོགས་འདུ་ཡུལ་ཤུལ་ཁུལ་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-28 10:54:00 ཀློག་གྲངས།:


བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།


ལས་གཞིའི་འགན་འཁུར་བ་བཀྲ་ཤིས་བཟང་པོས་ཡུལ་དངོས་སུ་ཁྱབ་སྤེལ་དང་བརྙན་གཟུགས་ཀྱི་ཐབས་ནས་མཚམས་སྦྱོར་གནང་།


བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཁྱབ་བསྒྲགས་ཚོགས་འདུའི་ཡུལ་དངོས།

     སྤྱི་ཟླ7པའི་ཚེས25ཉིན། བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཁྱབ་བསྒྲགས་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་ཤིང་། ལས་གཞིའི་འགན་འཁུར་བ་སྟེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་བཀྲ་ཤིས་བཟང་པོ་ཡིས་ཡུལ་དངོས་སུ་ཁྱབ་སྤེལ་དང་བརྙན་གཟུགས་ཀྱི་ཐབས་ནས་མཚམས་སྦྱོར་གནང་ལ། བོད་ཡིག་འཇུག་ཐབས་འདི་སྔོག་འདོན་བྱས་ཏེ་བོད་ཁུལ་དུ་ཚན་རྩལ་དང་རིག་གནས་ཤེས་བྱ་ཁྱབ་སྤེལ་དང་། བོད་ཁུལ་དུ་རྩིས་འཁོར་ཁྱབ་སྤྱོད་ལ་སྐུལ་འདེད། གནའ་དཔེ་ལེགས་སྒྲིག་དང་བོད་རིག་པའི་ཞིབ་འཇུག་བྱ་བ་སོགས་ཀྱི་ཐད་ནུས་རྩལ་གྱི་རམ་འདེགས་ཐོབ་ཅིང་། བེད་སྤྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པ་མ་ཟད་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་ལེགས་པོ་འབྱུང་ངེས།
     ལོ་རབས90ནས་བཟུང་། ཧྥང་ཀྲིན་བོད་ཡིག་སྒྲིག་གཅོད་མ་ལག་དང་། ཧྭ་ཀོང་བོད་ཡིག་པར་སྒྲིག་མ་ལག  དོན་ཡོན་བོད་ཡིག་སྒྲིག་གཅོད་མ་ལག བོད་ཡིགOCR། པཎྜི་ཏ་བོད་ཡིག་སྒྲིག་གཅོད་མ་ལག་སོགས་ཀྱིས་མཚོན་པའི་བོད་ཡིག་སྒྲིག་གཅོད་མ་ལག་བསྟུད་མར་སྔོག་འདོན་བྱེད་པ་དང་མཚུངས་སུ། རྒྱལ་ཕྱིའི་སམ་བྷོ་ཊ་བོད་ཡིག་དང་སྨོན་ལམ་བོད་ཡིག་སོགས་བོད་ཡིག་སྒྲིག་གཅོད་མཉེན་ཆས་འགྲེམ་སྤེལ་བྱས་ཏེ་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནའང་། རང་རྒྱལ་གྱིས་རྩིས་འཁོར་དུ་བོད་ཡིག་ཚབ་ཨང་འཛུགས་པ་དང་འགྲེམ་བསྒྲགས་བྱ་བ་ཅུང་དལ་བ་དང་། གོང་དུ་བརྗོད་པའི་མཉེན་ཆས་ཀྱི་སྔོག་འདོན་ལ་ཚབ་ཨང་སྣ་ཚོགས་མཉམ་སྡེབ་ཀྱི་གནད་དོན་འདུག་ཅིང་མ་ལག་གིས་ཕན་ཚུན་ལ་མི་འདུས་པ་དང་བོད་ཡིག་འཇུག་ཐབས་ཀྱི་མཐེབ་གཞོང་དཔེ་དུམ་ཚན་རིག་དང་མི་ལྡན་ཞིང་གཅིག་གྱུར་མིན་པ། བོད་ཡིག་གཏག་ཚད་དལ་བ་སོགས་གནད་དོན་མང་པོ་འདུག་པས་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཚོད་འཛིན་ཆེན་པོ་ཐེབས་ཡོད། བདེ་མྱུར་དང་ནུས་མང་། མཐེབ་གཞོང་གཅིག་གི་དཔེ་དུམ་ལས་བོད་ཡིག་སྒྲིག་ཨང་སྣ་ཚོགས་ཀྱི་འཇུག་ཐབས་གཏག་ཐུབ་རྒྱུ་ནི་ཤིན་ཏུ་འགངས་ཆེན་དུ་གྱུར།
     2009ལོའི་ཟླ9བར། བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་སྔོག་འདོན་ལས་གཞི་དངོས་སུ་མགོ་བརྩམས་པ་དང་། ཚན་རྩལ་མི་སྣས་མ་ལག་མི་འདྲ་བ་དང་བེད་སྤྱོད་མཉེན་ཆས་མི་འདྲ་བའི་ཚོད་ལྟ་མང་པོར་བརྒྱུད། wordཁྲོད་ཐེངས་གཅིག་ལ་ཆེས་མང་ནའང་ཡིག་འབྲུ256ལས་གཏག་མི་ཐུབ་པའི་གནད་དོན་ཐག་གཅོད་དང་། འཇུག་ཐབས་ཁྲོད་སྒྲིག་ཨང་སྣ་ཚོགས་ཀྱི་བརྗེ་བསྒྱུར་སྤྱོད་ནུས་ཐག་གཅོད་བྱས་ཏེ་འཇུག་ཐབས་ཀྱི་མཉེན་ཆས་འཐུས་སྦྱོར་རང་བཞིན་དང་འཁོར་བསྐྱོད་མགྱོགས་ཚད། གཏན་འཇགས་རང་བཞིན། སྤྱོད་བདེ་རང་བཞིན་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་།
     མིག་སྔར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ལ་རྒྱལ་པར་དབང་ཅུའུ་ཡི་རྩིས་འཁོར་མཉེན་ཆས་གསར་རྩོམ་གྱི་བདག་དབང་ཐོ་འགོད་དབང་ཡིག་ཐོབ་ཅིང་། འཇུག་ཐབས་རྣམ་གྲངས་གཉིས་ཀྱི་ནུས་རྩལ་ཆེད་ཁེ་གསར་འདོན་ཡར་ཞུ་ལ་རྒྱལ་ཁབ་ཀྱི་ཤེས་ཡོན་ཐོན་དངོས་བདག་དབང་ཅུའུ་ཡིས་དང་ལེན་དང་ཐོག་མའི་ཞིབ་བཤེར་བྱས་ཏེ་ད་སྔ་དངོས་བཤེར་གྱི་དུས་སྐབས་སུ་སླེབས།
     བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་དཔྱད་འབེབས་གནང་སྟེ་གདེང་འཇོག་ལེགས་པོ་ཐོབ་ཅིང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།