གསེར་ཆེན་རྫོང་རིག་གནས་ཁང་གིས་སྲོལ་རྒྱུན་གླུ་གཞས་སྔོག་འདོན་གྱི་ལས་གཉེར་བ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-09 09:34:00 ཀློག་གྲངས།:
      ཕུལ་ཏུ་བྱུང་བའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་སྔོག་འདོན་བྱ་ཆེད། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་གནས་ཁང་གིས་ལས་བྱེད་མི་སྣ་རྩ་འཛུགས་སྒོས་ཟླ་གཅིག་རིང་ལ། རང་རྫོང་གི་ཞིང་སྡེ་སོ་སོ་ནས་བོད་ཀྱི་དམངས་ཁྲོད་གླུ་གཞས་དང་དཀྲོལ་ལེན་སོགས་དམངས་ཁྲོད་ཀྱི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔོག་འདོན་གྱི་ལས་ལ་ཞུགས་པ་རེད།
      རང་རྫོང་གི་ཨེར་སྟི་ཡུལ་ཚོའི་ཨེར་སྟི་སྡེ་བའི་ནམ་མཁའ་དབང་ལྡན་ཚང་དུ་སྙན་འཇེབས་ཀྱི་གླུ་སྐད་དང་དགོད་སྤྲོ་མཆེད་ཡོང་། ལོ་ན75ཆགས་པའི་ཨ་ཡེ་བྱང་མོ་སྐྱིད་དང་ལོ་ན85ཆགས་པའི་ཨ་ཡེ་ལྷ་མོ་རྒྱལ་གཉིས་བརྙན་ཆས་ཀྱི་ཁ་གཏད་དུ་བསྡད་དེ། རྫོང་རིག་གནས་ཁང་གི་ལས་བྱེད་མི་སྣར་དུས་རབས་སྔོན་པའི་ལོ་རབས30-40སྐབས་ཀྱི་བོད་ཀྱི་དམངས་གླུ་དང་དཀྲོལ་ལེན། ཨ་རྩེད་ཀྱི་ལེན་སྟངས་དང་གཞས་ཚིག་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་ཅི་ལྟ་བུ་ཡིན་ཚུལ་བརྗོད་བཞིན་ཡོད་ལ། མཚམས་རེར་སྐབས་དེའི་དམངས་གླུ་དང་དཀྲོལ་ལེན་དབྱངས་ལ་གྱེར་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་ལྡན་ཞིང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲལ་ཏུ་ཚུད་པའི་ཨ་རྩེད་འཁྲབ་སྟོན་བྱས། ཐུན་མིན་གྱི་ལེན་སྟངས་དང་ཡིད་འཕྲོག་པའི་འཁྲབ་སྟོན་གྱིས་གདོད་མའི་གཤིས་སུ་གྲུབ་པའི་དམངས་གླུའི་ཐུན་མིན་རང་བཞིན་དང་མི་རིགས་རང་བཞིན་རྣམ་པར་མངོན་ལ། རྣ་བའི་བཅུད་དུ་སྨིན་པའི་སྡེ་མི་ཀུན་གྱི་ཡིད་དབང་བཀུག
      ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་གནས་ཁང་གིས་མི་རིགས་དམངས་ཁྲོད་ཀྱི་ཐུན་མིན་རིག་གནས་དར་སྤེལ་གཏོང་བའི་དགོངས་དོན་ལྟར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཚོང་རྟགས་བསྐྲུན་པ་དམིགས་འབེན་དུ་བཟུང་ནས། དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་སྔོག་འདོན་རྒྱུན་འཛིན་གྱི་ལས་ལ་ཤུགས་བསྣན་ཏེ། ཕུལ་ཏུ་བྱུང་བའི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་དར་སྤེལ། རྒྱུན་འཛིན་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།