རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-16 09:28:00 ཀློག་གྲངས།:


རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་བསྡུས་པ།

     ཟླ10བའི་ཚེས15ཉིན་གྱི་ཆུ་ཚོད1:30སྟེང་། རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་དེ་པེ་ཅིང་བོད་སྨན་ཁང་གི་ལྔ་ཐོག་ཚོམས་ཁང་དུ་བསྡུས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ལིའུ་དབྱིན་ཧྭ་དང་།  པེ་ཅིང་བོད་སྨན་ཁང་གི་འགོ་གཙོ་ཧོང་ཧྥུ་ཁེ་སོགས་དབུ་ཚུགས་མཛད་སྒོར་ཞུགས།


སློབ་ཁྲིད་བྱེད་པའི་ཡུལ་དངོས།

     ཐེངས་འདིའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་ཆེད་དུ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་བོད་སྨན་ཁང་གི་འགོ་གཙོ་བསྟན་སྲུང་གྲགས་པ་གདན་འདྲེན་ཞུས་ཏེ《བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས་ཀྱི་འབྲུ་འགྲེལ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ》ཞེས་པ་སློབ་ཁྲིད་གནང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། རྒྱ་ནག་རི་བོ་རྩེ་ལྔ། པེ་ཅིང་སོགས་ས་ཁུལ7ནས་སླེབས་པའི་སློབ་མ137འདུས་པ་དང་། འདི་ནི་ད་ལྟའི་བར་སློབ་མ་ཆེས་མང་བའི་ཐེངས་ཤིག་ཡིན་ལ། སློབ་མ་རྣམས་ནི་ཞིང་ཆེན་བོད་སྨན་ཁང་ལས་གཞན་ད་དུང་རྫོང་བོད་སྨན་ཁང་དང་། ཁུལ་བོད་སྨན་ཁང་། གྲོང་རྡལ་གྱི་བོད་སྨན་ཁང་སོགས་གཞི་རིམ་སྨན་ཁང62ནས་ཐོན་པ་ཡིན། མ་ཟད་ཡུལ་དངོས་སུ་ཐོན་མ་ཐུབ་པའི་སློབ་མ་སྐོར་ཞིག་གིས་དྲ་རྒྱར་བརྒྱུད་དེ་སློབ་སྦྱོང་བྱེད་པ་ཡིན།

རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་ལྔ་བ་བསྡུས་པ།
སློབ་ཁྲིད་ཀྱི་ཟུར་ཞིག

     2010ལོར་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས་པ་ནས་བཟུང་། སྐབས་བཞི་ལ་རྒྱལ་ནང་ཟབ་སྦྱོང་འཛིན་གྲྭ་དང་། སྐབས་གཉིས་ལ་རྒྱལ་སྤྱིའི་ཟབ་སྦྱོང་འཛིན་གྲྭ་བསྡུས་ཏེ་བོད་ཁུལ་དང་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་མོ་བཞག  ལོ་འདི་འགའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་ནས་བཟུང་བོད་ལྗོངས་དང་མཚོ་སྔོན།  ཀན་སུའུ། སི་ཁྲོན། ཡུན་ནན། པེ་ཅིང་སོགས་ས་ཁུལ་དང་། དབྱི་ཐ་ལི་དང་། ཞི་པན་ཡཱ། པཱ་ཞི། མེའུ་ལུའུ། ཨ་ཀིན་ཐིན། ཀི་ལུན་པུ་ཡཱ་སོགས་རྒྱལ་ཁབ་དང་ས་ཁུལ6གི་བོད་ལུགས་གསོ་རིག་ལས་ཁུངས་ཀྱི་སློབ་མ529ལ་སླེབས། དེར་ཆེད་ལས་མཁས་པ་དང་། དགེ་རྒན་ཆེན་མོ། འབུམ་རམས་པ། རབ་འབྱམས་པ། བོད་སྨན་ཁང་གི་འགོ་གཙོ་སོགས་ཀྱང་ཡོད་ལ། གདན་ཞུ་བྱས་པའི་སློབ་ཁྲིད་དགེ་རྒན་ནི་བོད་ཁུལ་ཡོངས་ན་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་ཤེས་ཡོན་པ་ཏག་ཏག་ཡིན་ཏེ། དཔེར་ན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དབང་འདུས་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་དགེ་རྒན་ཆེན་མོ་ཏིང་འཛིན་སོགས་ཡོད།
ཞར་བཀོད།
     པེ་ཅིན་བོད་ལུགས་སྨན་ཁང་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་འགོ་ཁྲིད་བྱེད་ཅིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྨན་བཅོས་ལས་ཁུངས་ཤིག་ཡིན་ཞིང་།དེའི་ནང་བོད་སྨན་གཙོ་བོ་བྱས་ཐོགསྨན་བཅོས་དང་ཚན་རིག་ཞིབ་འཇུགསློབ་ཁྲིད་བཅས་མཉམ་གཉེར་བྱེད་བཞིན་ཡོད།པེ་ཅིན་བོད་ལུགས་སྨན་ཁང་གིས་བོད་ལྗོངས་སོགས་བོད་ཁུལ་གྱི་བོད་སྨན་ཁང་གྲགས་ཅན་རྣམས་དང་མཉམ་ལས་བྱས་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་ཡོད་པ་དང་།དུས་མཚུངས་སུ་བོད་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་དུ་སྒྱུར་བའི་ཚན་རིག་ཞིབ་འཇུག་བྱས་ཏེ།བོད་ཀྱི་གསོ་རིག་སྨན་རྫས་དེ་མཐོ་སྒང་ནས་འཛམ་གླིང་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད།   
     ད་ལྟ་རྒྱལ་ཁབ་ཀྱིས་པེ་ཅིན་བོད་ལུགས་སྨན་ཁང་འཛུགས་སྐྲུན་བྱེད་པའི་ཐད་ལ་མ་དངུལ་སྒོར་ཁྲི༨༠༠༠ལྷག་བཏང་།སྨན་ཁང་འདིའི་ལས་འགན་ཁུར་གཙོ་བོ་ནི།བོད་སྨན་དང་མི་རིགས་གཞན་གྱི་ཁྱད་ཆོས་མངོན་པར་གསལ་བ་གསོ་བཅོས་བྱེད་ཐབས་སྤྱད་ནས་སྙིང་རྩ་དང་ཀླད་རྩའི་ནད་རིགས་གསོ་བཅོས་བྱ་རྒྱུ་དང་།བོད་ལྗོངས་དང་མི་རིགས་ས་ཁུལ་གཞན་དག་གི་སྨན་རྫས་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སའི་གནས་བབ་ལེགས་པོ་དང་།བརྡ་འཕྲིན།ལག་རྩལ།ཤེས་ལྡན་པ་བཅས་ཀྱི་བཟང་ཆ་བེད་སྤྱོད་གང་ལེགས་བྱས་ཏེ།རྒྱལ་ཁབ་ཕྱི་ནང་གི་ནད་པར་ཞབས་ཞུས་པ་བརྒྱུད།བོད་ལུགས་གསོ་རིག་དང་མི་རིགས་གཞན་གྱི་གསོ་རིག་རྒྱལ་ཡོངས་དང་འཛམ་གླིང་ལ་སྤེལ་བ།བོད་ཀྱི་གསོ་རིག་དང་སྨན་རྫས་རིག་པ་སློབ་ཁྲིད།བོད་སྨན་གྱི་ཆེད་ལས་ཤེས་ལྡན་པ་བསྐྱེད་བསྲིང་བཅས་བྱས་ནས་རང་རྒྱལ་གྱི་བོད་སྨན་ལས་དོན་གོང་དུ་སྤེལ་བ་དང་།བོད་ཀྱི་གསོ་རིག་དང་སྨན་རྫས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་དེ་ཉིད་ཐོན་ལས་ཅན་དུ་འགྱུར་བར་བྱས་ཏེ་བོད་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཞབས་ཞུ་བྱེད་རྒྱུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།