རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་མཐོ་རིམ་གླེང་སྟེགས་ཟི་ལིང་ནས་མཇུག་སྒྲིལ།
རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་མཐོ་རིམ་གླེང་སྟེགས་ཟི་ལིང་ནས་མཇུག་སྒྲིལ།
ཟླ9བའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོའི་མཐོ་རིམ་གླེང་སྟེགས་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བདེ་བླག་ངང་མཇུག་སྒྲིལ་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་བཤད་སྒྲུབ་དང་། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཀྲང་དབྱིན་ཧྲིན་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་དང་། སི་ཁྲོན་དགེ་ཐོན་སློབ་ཆེན་སློབ་གསོའི་ཚག་རིག་སློབ་གླིང་གི་གླིང་གཙོའམ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དཔལ་ལྡན་ཉི་མས་གླེང་སྟེགས་མཇུག་སྒྲིལ་མཛད་སྒོར་མདོ་འཛིན་གནང་།
གླེང་སྟེགས་ལ་ཞུགས་པའི་མྱོང་ཚོར་དང་གྲུབ་འབྲས་སོགས་བརྗོད་པ།
གླེང་སྟེགས་མཇུག་མ་སྒྲིལ་སྔོན་དུ། ཚོགས་ཞུགས་ཤེས་ཡོན་པ་རྣམས་སྐོར་ཁག་གསུམ་དུ་དབྱེ་སྟེ་ཆེད་དོན་གླེང་མོལ་གནང་ཞིང་། ཚང་མས་བོད་རྒྱ་སྐད་གཉིས་སློབ་གསོ་བཅོས་སྒྱུར་གྱི་དངོས་ཡོད་གནད་དོན་ལ་དམིགས་ཏེ། སྐད་གཉིས་སློབ་གསོའི་སྲིད་ཇུས་ལག་བསྟར་དང་། ངོ་བོ། སློབ་གསོའི་རྣམ་པ། བསླབ་ཁྲིད་བཅོས་སྒྱུར། བསླབ་གཞི་སྒྲིག་རྩོམ། དགེ་རྒན་གྱི་དཔུང་སྡེ་འགན་སྲུང་། སློབ་གསོའི་དོ་དམ། སྐད་གཉིས་སློབ་གསོ་ལག་བསྟར་གྱི་ལོ་ཚོད། སློབ་སྔོན་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ། བོད་ཁུལ་སློབ་མའི་སློབ་ཞུགས་དཀའ་ངལ། མི་རིགས་སྐད་ཡིག་དང་ཀྲུང་ཧྭ་མི་རིགས་རིག་གནས་མཉམ་སྐྲུན་སོགས་གནད་དོན་མང་པོའི་ཐད་གཏིང་ཟབ་པའི་བགྲོ་གླེང་དང་འབྲེལ་འདྲིས་བྱས།
ཡུལ་དངོས།
མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིགཔའི་སློབ་གླིང་གི་སྤྱི་ཁྱབ་ཧྲུའུ་ཅི་མ་ཎི་འབུམ་དང་། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་འཇིགས་བྱེད། བོད་ལྗོངས་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་འདུན་མཚོ་བཅས་སྐོར་ཁག་སོ་སོའི་ཚབ་བྱས་ཏེ་ཚོགས་འདུར་སྙན་ཞུ་ཕུལ་ཞིང་། ཐེངས་འདིའི་ཚོགས་འདུར་ཞུགས་པའི་མྱོང་ཚོར་དང་ཐོབ་བྱ་གླེང་བ་དང་ཆབས་ཅིག སྐོར་ཁག་སོ་སོས་བགྲོ་གླེང་བྱས་པའི་ཐོག་མའི་གྲུབ་འབྲས་དང་བསམ་ཚུལ་མཚམས་སྦྱོར་གནང་བ་དང་། སྔར་ལས་ལྷག་པར་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་སྒྲུབ་སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། བོད་རྒྱ་སྐད་གཉིས་སློབ་སྒྲུབ་དོ་དམ་ཚད་ལྡན་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་བོད་རྒྱ་སྐད་གཉིས་སློབ་གསོའི་རྣམ་པ་བསྐྲུན་དགོས་ཤིང་། རང་འགུལ་གྱིས་སྐད་གཉིས་སློབ་གསོའི་ཐབས་ལམ་གསར་སྐྲུན་བྱེད་དགོས། དེ་མིན་སྐད་གཉིས་བསླབ་ཁྲིད་བཅོས་སྒྱུར་གྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མཐོ་རིམ་སློབ་ཆེན་གྱིས་བོད་རྒྱ་སྐད་གཉིས་རིགས་ཀྱི་སློབ་མ་བསྡུ་ཚད་མཐོར་འདེགས་སུ་གཏོང་བ། སྐད་གཉིས་དགེ་རྒན་གསོ་སྦྱོང་དང་བསྡུ་ལེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཏན་འཇགས་ཀྱི་སྤུས་ཚད་མཐོ་བའི་སྐད་གཉིས་དཔུང་སྡེ་འགན་སྲུང་མ་ལག་འཛུགས་དགོས། བོད་རྒྱ་སྐད་གཉིས་རྨང་གཞིའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་འཚོལ་ཞིབ་ལ་སྔར་ལས་ཤུགས་བསྣན་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ས་གནས་རང་བཞིན་གྱི་སྐད་གཉིས་སློབ་གསོའི་སློབ་སྒྲུབ་གཞུང་ལུགས་མ་ལག་འཛུགས་པ་སོགས་ཀྱི་བསམ་ཚུལ་དང་འདོད་བློ་བཏོན། མ་ཟད། ཐེངས་འདིའི་བགྲོ་གླེང་གི་གྲུབ་འབྲས་དང་བསམ་ཚུལ་རྣམས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཀྱི་རྣམ་པ་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ་བར་བསམ་ཚུལ་བཏོན་ཏེ་ཚན་རིག་སྒོས་སྐད་གཉིས་སློབ་གསོའི་སློབ་སྒྲུབ་སྲིད་ཇུས་དང་འཆར་འགོད་གཏན་འབེབས་བྱེད་པར་གཞུང་ལུགས་ཀྱི་ཁུངས་གཏུག་ས་དང་ལག་ལེན་དཔྱད་གཞི་ཞིག་གྲུབ་དགོས་པར་འདོད།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གླེང་སྟེགས་ལ་ཕུལ་བའི་རིག་རྩལ་དགོང་ཚོགས།
ཐེངས་འདིའི་གྲོས་ཚོགས་སུ་གཏན་འཁེལ་བྱེད་དོན། 《ཀྲུང་གོའི་གྲངས་ཉུང་མི་རིགས་སློབ་གསོ་ཚོགས་པའི་སྐད་གཉིས་སློབ་གསོའི་ཨུ་ཡོན་ལྷན་ཚོགས་ཀྱི་སྒྲིག་ཁྲིམས》ལྟར། རྗེས་ཕྱོགས་ལོ་གཉིས་ཀྱི་ནང་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སློབ་གསོའི་མཐོ་རིམ་གླེང་སྟེགས་ཐེངས་ཤིག་ཚོགས་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད། གླེང་སྟེགས་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གཏན་འཁེལ་བྱེད་དོན། 2015ལོར་རྔ་བ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ཁང་གིས་ས་ཁོངས་རང་བཞིན་གྱི་བོད་རྒྱ་སྐད་གཉིས་སློབ་སྒྲུབ་བགྲོ་གླེང་ཚོགས་འདུ་སྤེལ་རྒྱུ་དང་། 2016ལོར་སི་ཁྲོན་རྔ་བ་མཐོ་རིམ་དགེ་ཐོན་ཆེད་སྦྱོང་སློབ་གྲྭས་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སློབ་གསོའི་མཐོ་རིམ་གླེང་སྟེགས་བསྡུ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com