མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་དགུ་བ་སྐྱེ་རྒུ་གྲོང་རྡལ་ནས་བསྡུས།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་
དགུ་བ་སྐྱེ་རྒུ་གྲོང་རྡལ་ནས་བསྡུས།(ལྷ་མོ་ཐར་གྱིས་པར་བླངས)
ཟླ8པའི་ཚེས11ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་འགན་སྒྲུབ་གནང་བའི2014ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་དགུ་བ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོལ་རྡལ་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕུའུ་ཡུང་རི་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་སྐལ་བཟང་། མཚོ་སྔོན་ཉིན་རེར་ཚགས་པར་ཁང་གི་འགོ་གཙོ་གཞོན་པའམ་མཚོ་སྔོན་མི་རིགས་སྐད་ཡིག་ལོ་ཙཱ་ཚོགས་པའི་ཚོགས་གཙོ་དགེ་གཉེན་སོགས་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཀྲུང་གོའི་བོད་ཀྱི་དྲ་བ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཆེད་མཁས་པ་དང་ལོ་ཙཱའི་བྱ་སྒྲུབ་པའི་འཐུས་ཚབ70ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་
ཕུའུ་ཡུང་རི་ཡིས་གཏམ་བཤད་སྤེལ།(ལྷ་མོ་ཐར་གྱིས་པར་བླངས)
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་སྐལ་བཟང་གིས་ཤིས་ཚིག་ཕུལ།(ལྷ་མོ་ཐར་གྱིས་པར་བླངས)
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་ཅིང་། གྲོས་ཚོགས་སུ་ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་སྐལ་བཟང་གིས་ཡུལ་ཤུལ་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་མི་རིགས་སྐད་ཡིག་བྱ་བ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་གནང་བ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕུའུ་ཡུང་རི་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་གཞོན་པའམ་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་གཉེན་གྱིས་གཏམ་བཤད་སྤེལ་བ་ལ། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའི་འགྱུར་ཞུས་བ་གཞོན་པ་དབང་ཆེན་ཚེ་རིང་གིས་ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུའི་བོད་སྐད་ཡིག་བྱ་བ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། གྲོས་ཚོགས་ཀྱི་སྐབས་སུ། མགོ་ལོག་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་འཇུ་སྐལ་བཟང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིག་འཛིན་གཉིས་ཀྱིས་འཆད་ཁྲིད་ཕུན་སུམ་ཚོགས་པ་གནང་ཞིང་། ཚོགས་ཞུགས་འཐུས་ཚབ་རྣམས་ཀྱིས་གླེང་སྟེགས་ཀྱི་བརྗོད་དོན་གཞིར་བཟུང་སྟེ་མི་རིགས་སྐད་ཡིག་ལོ་ཙཱའི་གླེང་སྟེགས་ལེགས་པོར་སྒྲུབ་པ་དང་། ལོ་ཙཱའི་བྱ་སྒྲུབ་པས་རང་སྟེང་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཐད་བགྲོ་གླེང་དཔྱིས་ཕྱིན་པ་གནང་།
མགོ་ལོག་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་འཇུ་
སྐལ་བཟང་གིས་འཆད་ཁྲིད་གནང་།(ལྷ་མོ་ཐར་གྱིས་པར་བླངས)
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིག་འཛིན་གྱིས་
འཆད་ཁྲིད་གནང་།(ལྷ་མོ་ཐར་གྱིས་པར་བླངས)
ཐེངས་འདིའི་བགྲོ་གླེང་ལ་བསྡོམས་པས་དཔྱད་རྩོམ21བསྡུས་ཤིང་། དཔྱད་འདེམ་ཚོགས་པའི་དཔྱད་འདེམ་བརྒྱུད། བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3བཅས་བདམས་ཐོན་བྱུང་བ་སྟེ། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་བདེ་ཆེན་མཚོའི《ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ལོ་ཙཱའི་བསམ་ཕྱོགས》(རྒྱ་ཡིག)ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་སྐལ་བཟང་འབུམ་དང་བཀྲ་ཤིས་ལྷ་མོ་གཉིས་ཀྱི《བོད་ཡིག་ཚན་རྩལ་ཐ་སྙད་གཏན་འབེབས་ཀྱི་ཚད་གཞི་གླེང་བ》(བོད་ཡིག)ཞེས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་གི་ཝང་ཧེ་དབྱིན་གྱི《རྩིས་འཁོར་དྲ་རྒྱའི་ཐ་སྙད་བོད་ཡིག་ཏུ་སྒྱུར་བའི་གནད་དོན་འགའ》(རྒྱ་ཡིག)གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། མཚོ་སྔོན་ཞིང་ཆེན་བརྙན་འཕྲིན་ཁང་གི་ལྷ་མོ་བདེ་སྐྱིད་ཀྱི《མུ་འབྲེལ་བརྙན་འཕྲིན་གྱི་བརྗོད་གཞིའི་རིགས་ཀྱི་ཁྱད་པར་དང་སྒྱུར་སྟངས》(བོད་ཡིག)ཞེས་པ་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་གསོ་རིག་ཞིབ་འཇུག་ཁང་གི་སྟག་འབུམ་རྒྱལ་གྱི《ཕྱི་ལུགས་གསོ་རིག་ཐ་སྙད་བོད་ཡིག་ཏུ་སྒྱུར་ཚུལ་གླེང་བ》(བོད་ཡིག)། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཤུའུ་ཧྲི་ཧྥེང་གི《རྒྱ་བོད་མིང་འདོགས་རིག་གནས་ཀྱི་ཁྱད་པར་དང་ཕན་ཚུན་སྒྱུར་སྟངས་གླེང་བ》བཅས་དཔྱད་རྩོམ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ཚོགས་ཞུགས་ཆེད་མཁས་པ་དང་འཐུས་ཚབ་རྣམས་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་
དམངས་སྲོལ་འགྲེམ་སྟོན་ལ་གཟིགས་ཞིབ་བྱེད་པ།(ལྷ་མོ་ཐར་གྱིས་པར་བླངས)
ཡུལ་ཤུལ་གསར་བར་རྒྱང་གཟིགས།(ལྷ་མོ་ཐར་གྱིས་པར་བླངས)
དེའི་སྐབས་སུ། ཚོགས་ཞུགས་ཆེད་མཁས་པ་དང་འཐུས་ཚབ་རྣམས་ཡུལ་ཤུལ་གྱི་རྡོ་བརྐོས་མ་ཎིའི་མཁར་དང་། ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་། ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དམངས་སྲོལ་འགྲེམ་སྟོན། རྒྱ་གཟའ་ཀོང་ཇོའི་ལྷ་ཁང་སོགས་སུ་གཟིགས་ཞིབ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com