བོད་བརྒྱུད་ནང་བསྟན་མཚན་ཉིད་རབ་འབྱམས་པའི་མཉམ་འབྲེལ་གསོ་སྐྱོང་གནས་གཞི་ཀན་སུའུ་རུ་བཙུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-09 10:34:00 ཀློག་གྲངས།:

        ཟླ7པའི་ཚེས2ཉིན་གྱི་སྔ་དྲོ། “བོད་ལྗོངས་མི་རིགས་སློབ་གླིང་དང་ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་བོད་བརྒྱུད་ནང་བསྟན་མཚན་ཉིད་རབ་འབྱམས་པའི་མཉམ་འབྲེལ་གསོ་སྐྱོང་གནས་གཞི”དེ་ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་སུ་སྒོ་བྱང་བཀལ།
        ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོས་བཤད་རྒྱུར། བོད་ལྗོངས་མི་རིགས་སློབ་གླིང་དང་མཉམ་དུ་རབ་འབྱམས་པའི་མཉམ་འབྲེལ་གསོ་སྐྱོང་གནས་གཞི་འཛུགས་པ་དང་། ལྷན་དུ་རབ་འབྱམས་པ་གསོ་སྐྱོང་བྱ་བ་སྤེལ་ན་བོད་རིག་པའི་ཞིབ་འཇུག་ཁང་གི་ཚན་ཞིབ་གྲུབ་འབྲས་དག་མཐོ་རིམ་སློབ་གསོར་འཕོ་འགྱུར་བྱེད་པར་ཕན་པ་དང་། དེའི་མཚུངས་སུ་ང་ཚོར་སློབ་སྦྱོང་འབྲེལ་འདྲིས་ཀྱི་གོ་སྐབས་ལེགས་པོ་བསྩལ། ང་ཚོས་གང་ནུས་ཅི་ཐུབ་ཀྱིས་སྟབས་བདེའི་ཆ་རྐྱེན་བསྐྲུན་ངེས་ཤིང་ཞབས་ཞུའི་བྱ་བ་སོ་སོ་ལེགས་པོར་སྒྲུབ་རྒྱུ་ཡིན་ལ། གོ་སྐབས་འདི་དམ་འཛིན་སྒོས་ཕྱོགས་གཉི་གས་གཏིང་ཟབ་པ་དང་རྒྱུན་རིང་ངང་མཉམ་འབྲེལ་བྱས་ཏེ་གནས་གཞི་འདི་ཉིད་བོད་ལྗོངས་མི་རིགས་སློབ་གླིང་གི་བོད་བརྒྱུད་ནང་བསྟན་མཚན་ཉིད་རབ་འབྱམས་པའི་སྤྱི་ཚོགས་གཟིགས་ཞིབ་དང་རྟོག་ཞིབ། དེ་མིན་རབ་འབྱམས་པ་མཉམ་འབྲེལ་གསོ་སྐྱོང་དང་། སློབ་སྦྱོང་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་ཏུ་བསྐྲུན་རྒྱུ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་ཕུན་ཚོགས་དང་འཕེལ་རྒྱས་ཐད་གང་ནུས་ཀྱིས་བྱས་རྗེས་འཇོག་ངེས།
        ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་ལེགས་སྒྲིག་དང་། ཆོས་ལུགས་རིག་གནས་དང་། བོད་ཁུལ་གྱི་སྤྱི་ཚོགས་རྣམ་པ་དང་དེང་རབས་དངོས་ཡོད་གནད་དོན་བཅས་ཞིབ་འཇུག་བྱེད་པ་ཡིན་ལ། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་བཙུགས་ནས་ལོ་ངོ20རིང་། རིག་གཞུང་ཆེད་དཔེ40ལྷག་དང་། བསྒྱུར་དཔེ7། དེ་མིན་བོད་བརྒྱུད་ནང་བསྟན་གྱི་བསྟན་ཆོས30ལྷག་ལེགས་སྒྲིག་དང་པར་བསྐྲུན་གནང་ཞིང་། དཔྱད་རྩོམ200ལྷག་སྤེལ་མྱོང་ལ། ཁོ་ཚོས་གཙོ་སྒྲིག་གནང་བའི《ཨ་མདོ་ཞིབ་འཇུག》ཞེས་པ་ནི་རྒྱལ་ཁབ་ཕྱི་ནང་དུ་མིང་དུ་གྲགས། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ཆགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།