“ཉི་འོད་འོག་གི་འཚར་ལོངས”རྟགས་མའི་གླུ་དབྱངས་འགྲན་ཚོགས་བསྡུས་པ།
མི་རིགས་ཀྱི་གྱོན་གོས་མཛེས་པར་སྤུད་ཅིང་རང་བྱུང་གི་སྐད་ངག་བཤད་སྦུག་གི་ཀློང་ན་ཡུན་གྱིས་འཕྱོ།
ཉེ་སྔོན་མཚོ་སྔོན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ནས་བསྡུས་པའི“ཉི་འོད་འོག་གི་འཚར་ལོངས”རྟགས་མའི་གླུ་དབྱངས་འགྲན་སྡུར་ཁྲོད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་འགྲན་ཞུགས་མི་སྣས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།
དབྱར་གྱི་ལང་ཚོ་རིམ་གྱིས་སླེབས་ཤིང་ག་ས་གང་དུ་སིལ་སྡོང་མེ་ཏོག་འདབ་བརྒྱ་བཞད་པའི་སྐབས་འདིར། ཁྲི་ཀ་རྫོང་རིག་གནས་ཁང་དང་རྫོང་སློབ་གསོ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི2013ལོའི་ཁྲི་ཀ་རྫོང་གི་སློབ་གྲྭ་ཆེ་འབྲིང་སོ་སོའི་དགེ་རྒན་དང་སློབ་མ་མཉམ་འདུས་ཀྱི“ཉི་འོད་འོག་གི་འཚར་ལོངས”རྟགས་མའི་གླུ་དབྱངས་འགྲན་ཚོགས་དེ་ཟླ་འདིའི་ཚེས23དང24ཉིན་གཉིས་ཀྱི་རིང་ལ་རྫོང་རིག་གནས་ཁང་གི་འགྲེམ་སྟོན་ཚོམས་ཆེན་ནས་གཟབ་རྒྱས་ངང་འགྲན་ཚོགས་སྤེལ།
རྫོང་གི་མགོ་ཁྲིད་དང་རེབ་འདིར་བྱ་དགའ་ཐོབ་པའི་གླུ་བ་གླུ་མའི་ཟུར་ཞིག
ཐེངས་འདིའི་འགྲན་ཚོགས་གཞི་རྒྱ་ཅུང་ཆེ་བ་སྟེ། ཁྲི་ཀ་རྫོང་གི་སློབ་གྲྭ་ཆེ་འབྲིང་ཁྲོད་ཀྱི་དགེ་རྒན་ཡོད་དོ་ཅོག་དང་སློབ་མ་ཚང་མའི་ཁྲོད་ནས་སྐད་ངག་བདེ་ལ་དབྱངས་རྟ་ཡག་པ། གསར་བ་དང་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་གླུ་བ་གླུ་མ་ཚད་ཐིག་ཅན་འཐུས་ཚབ་རེ་འགའ་འགྲན་སྡུར་དུ་ཞུགས་པ་ཡིན་ལ། འགྲན་སྡུར་ལའང་ཐོག་མའི་སྐྱ་འགྲན་དང་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་གཉིས་སུ་བགར་ཞིང་གླུ་ཚིག་དང་དབྱངས་རྟ། སྐད་ངག་བཅས་ཕྱོགས་ཡོངས་ནས་ཡང་ཡང་གདམ་བསལ་བྱས་ཡོད་པས། སྤྱིར་བཏང་གི་འགྲན་ཚོགས་དང་གཏན་ནས་མི་འདྲ་བ་རེད།
ཚེས23ཉིན། སློབ་མའི་ཚན་སྐོར་གྱི་འགྲན་ཚོགས་བསྡུས་པ་དང་། ཚེས24ཉིན། དགེ་རྒན་ཚན་སྐོར་གྱི་འགྲན་ཚོགས་བསྡུས། ཚེས23ཉིན་གྱི་འགྲན་བསྡུར་ཁྲོད་གཟུགས་བྱད་མཛེས་ལ་སྐད་ངག་སྙན་པ། ཉམས་འགྱུར་དོད་པའི་གཅིག་ལས་གཅིག་ལྷག་གི་སློབ་གྲོགས་ཕོ་མོའི་ཛ་དྲག་གི་འགྲན་བསྡུར་སྤེལ་ཞིང་། ལྟད་མོ་བའི་ཡིད་འགུག་གི་ཐལ་མོའི་རྡེབ་སྒྲ་དང་ཀི་ལྡིར་ཨག་འབོད་ཀྱི་ཚོར་བ་རྣོན་པའི་ཟང་ཟིང་གི་ཁྲོད་ནས་འགྲན་ཞུགས་པར་མེ་ལྕེ་ལྟ་བུའི་ཁོག་དཔུང་བསླངས་ཤིང་ལྟད་མོ་བ་རྣམ་པར་ཡང་ཡུན་རིང་འགྲན་ཚོགས་ཁྲོད་ནས་གྱེས་བྲལ་དཀའ་བའི་བག་ཆགས་ཟབ་མོ་བཞག ལྷག་པར་དེང་རབས་སློབ་མའི་གཞོམ་གཞིག་བྲལ་བའི་ངར་ཤུགས་གསར་བ་དང་ཡལ་མེད་ཀྱི་ལང་ཚོའི་མཚར་ཉམས་རབ་ཏུ་མངོན་པས་ཀུན་གྱིས་དུས་ད་ལྟའི་བར་དུ་འདི་འདྲའི་གླུ་དབྱངས་འགྲན་ཚོགས་ཤིག་བསྡུས་མ་མྱོང་བའི་ཡ་མཚར་གྱི་བསྟོད་པའི་མེ་ཏོག་གཏོར། ཚེས24ཉིན་གྱི་དགེ་རྒན་ཚན་སྐོར་གྱི་འགྲན་ཚོགས་སྐབས་སུའང་སྔོན་མའི་ཉིན་དང་འདྲ་བར་ཉམས་མྱོང་ལྡན་ལ་བྱང་ཆ་ཡོད་པའི་དགེ་རྒན་སྐྱེས་པ་སྐྱེས་མ་རྣམས་ཀྱིས་རང་རང་གི་རྩལ་ཡོད་ཚད་ངོམ་པ་སྟེ། གདངས་མཐོ་ལ་ཉམས་འགྱུར་ཕུན་ཚོགས་བཀྲ་ཞིང་དང་བ་འདྲེན་པའི་དབྱངས་ཀྱི་འདེགས་འཇོག་ལ་གླུ་ཚིག་གི་འགྲོས་གསལ་བ། སྟོབས་དང་ཤུགས་ཀྱིས་ཁེངས་ཤིང་ཕྱིའི་འཕྱོར་གོས་ཀྱིས་མིག་དབང་ཡང་གཙེ་བར་བྱེད་པས་ལྟད་མོ་བ་རྣམ་པར་ཉམས་སྣང་གསར་བ་ཞིག་དང་ཚོར་བ་ཐུན་མོང་མ་ཡིན་པ་ཞིག་བྱིན་པ་རེད།
གཡུར་ཟའི་འབྲས་བཟང་བླངས་པའི་སློབ་གྲྭའི་དགེ་སློབ་མཉམ་བསྐྱོན་གྱི་དྲན་རྟེན།
སྐབས་འདིའི་འགྲན་ཚོགས་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་གསུམ་དང་སློབ་བུ་དྲུག་ཞུགས་ཤིང་། དཔྱད་འཇོག་པ་བརྒྱད་ཀྱི་ཡོ་མེད་དྲང་བཞག་དང་འདྲ་མཉམ་ཚད་ལྡན་གྱི་སྒོ་ནས་དུས་ཐོག་དེར་སྐར་གྲངས་བཀོད་ཅིང་སྤྱི་སྡོམ་བྱས་པ་བརྒྱུད། ཁྲི་ཀ་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཀྲང་ཞའོ་ཅིན(དཔྱད་སྐར་9.78)དང་དགེ་རྒན་དོན་གྲུབ་རྡོ་རྗེ(དཔྱད་སྐར9.73)གཉིས་ཀྱིས་དགེ་རྒན་ཚན་ཁག་ལས་སོ་སོས་ཨང་དང་པོ་དང་ཨང་གཉིས་པའི་བྱ་དགའི་རྟགས་མ་བླངས་ཤིང་། སློབ་བུའི་ཚན་སྐོར་ལས་ཁྲི་ཀ་དཅའ་སྡོད་སློབ་གྲྭའི་ལོ་རིམ་དགུ་བའི་སློབ་མ་རྡོ་རྗེ་གསེར་འཚོ་ཡིས་ཨང་དང་པོ་དང་། ལོ་རིམ་དྲུག་པའི་སློབ་བུ་ཕག་མོ་སྒྲོལ་མ་དང་ལོ་རིམ་བཞི་བའི་སློབ་མ་མཁའ་མོ་འཚོ་ཡིས་ཨང་གཉིས་པའི་བྱ་དགའི་རྟགས་མ་བླངས་པ་རེད།
རེབ་འདིའི་འགྲན་སྡུར་གྱིས་རང་མི་རིགས་ཀྱི་ཐུན་མིན་དབྱངས་རྟའི་ཁྱད་ཆོས་དང་གླུ་བ་གླུ་མའི་དྭངས་བསིལ་བསིལ་གྱི་སྐད་ངག་སྙན་མོ་དེ་ཕྱོགས་ཡོངས་མགྲོན་པོའི་མིག་གི་བདུད་རྩི་དང་རྣ་བའི་བུ་རམ་དུ་གྱུར་ཅིང་ཀུན་གྱི་ཡིད་དབང་ཅིག་ཅར་བཀུག་པས་བག་ཆགས་མི་དམན་པ་བཞག མ་ཟད་འགྲན་སྡུར་ལས་བྱ་དགའ་ཐོབ་པའི་དགེ་རྒན་གཙོ་བྱས་སློབ་མ་རྣམ་པར་རང་གི་དགའ་ཕྱོགས་ཐད་ལ་ཧུར་ཐག་དང་ཤུགས་བསྐྱེད་པའི་སྐུལ་སློང་ཟབ་མོ་ཞིག་གནང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com