གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་ནང་སོག་ཏུ་ཚོགས་པ།

རྩོམ་པ་པོ།:བསོད་ནམས་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-11 09:25:00 ཀློག་གྲངས།:


སྐབས་བཅུ་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུའི་འཚོགས་ར།

            ཉེ་ཆར། སྐབས་བཅུ་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ནང་སོག་རང་སྐྱོང་ལྗོངས་སུ་ཚོགས་པ་དང་། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ནང་སོག་སློབ་ཆེན་གཉིས་ཀྱིས་མཉམ་སྒྲུབ་བྱས་ཏེ་ཚོགས་ཡུན་ཉིན་གསུམ་རིང་གཟབ་རྒྱས་ངང་ཚོགས་པ་རེད།


རིག་གཞུང་དཔྱད་གླེང་ཚོགས་འདུའི་ཟུར་གཅིག
  

            ཐེངས་འདིའི་ཚོགས་འདིའི་སྟེང་ཁ་ན་ཏ་རྒྱལ་ཁབ་དང་། ཨ་མེ་རི་ཀ་རྒྱལ་ཁབ་ནས་ཡོང་བའི་ཆེད་ལས་མཁས་པ་དང་། ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་མཐུན་ཚོགས་དང་། པེ་ཅིན་སློབ་ཆེན་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་སོའོ། ཀྲུང་གོའི་ཚན་རིག་གླིང་མཉེན་ཆས་ཞིབ་འཇུག་སོའོ་སོགས་ནས་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དག་ཡོད་པ་མ་ཟད། ཞིན་ཅང་སློབ་ཆེན་དང་། ནང་སོག་དགེ་འོས་སློབ་ཆེན། ཧྲང་ཧེ་འགྲིམ་འགྲིལ་སློབ་ཆེན། ཞ་མན་སློབ་ཆེན། ཡན་པིན་སློབ་ཆེན། བོད་ལྗོངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ནས་ཡོང་བའི་ཞིབ་འཇུག་པ་དང་། ཆེད་མཁས་པ་བརྒྱད་ཅུ་ལྷག་ཡོད་པ་རེད།


རིག་གཞུང་དཔྱད་གླེང་ཚོགས་འདུར་ཞུགས་པའི་བོད་རིགས་ཚོགས་ཞུགས་པ་འགའ་མཉམ་དུ་པར་བསྐྱོན་པ། 

            ཐེངས་འདིར་གཙོ་བོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྟེ་སོག་ཡིག་དང་། བོད་ཡིག  ཡུ་གུར་གྱི་སྐད་ཡིག ཀྲོང་རིགས་ཀྱི་སྐད་ཡིག  ཧ་སག་སྐད་ཡིག དབྱིས་རིགས་ཀྱི་སྐད་ཡིག་བཅས་ཀྱི་ཐད་ནས་བླངས་པའི་འབྲས་བུ་དང་། ད་ལྟའི་གནས་བབས། མ་འོངས་པའི་འཕེལ་ཕྱོགས་བཅས་ཀྱི་ཐད་ནས་རིག་གཞུང་དང་ལག་རྩལ་ཟུང་འབྲེལ་སྒོས་དཔྱད་གླེང་བྱས་པ་རེད། 
            ཚོགས་ཡུན་དང་པོར་མིང་དུ་གྲགས་པའི་ཆེད་མཁས་པ་བཞི་གདན་དྲངས་ཏེ་རིག་གཞུང་ཚོགས་ཁྲིད་གནང་པ་དང་། ཚོགས་ཡུན་གཉིས་པར་ཚོ་ཆུང་གསུམ་བགར་ནས་ཚོ་ཆུང་དང་པོར་ཆ་འཕྲིན་སྒྲིག་གཅོད་ཀྱི་གཞི་རྩའི་ལག་རྩལ་ཞིབ་འཇུག་སྟེ་ཚིག་དོན་དབྱེ་ཞིབ་དང་། བརྡ་སྤྲོད་དབྱེ་ཞིབ། ཡིག་མཛོད་ཞིབ་འཇུག་སོགས་ཀྱི་ཐད་ནས་དཔྱད་གླེང་བྱས་པ་དང་། ཚོ་ཆུང་གཉིས་པར་ཆ་འཕྲིན་སྒྲིག་གཅོད་ཀྱི་བཀོལ་སྤྱོད་ཞིབ་འཇུག་སྟེ་ཡི་གེ་སྒྲིག་གཅོད་དང་། པར་སྒྲིག ཡིག་དེབ་དབྱེ་ཞིབ། འཕྲུལ་ཆས་ཡིག་བསྒྱུར། སྐད་གདངས་ཤན་འབྱེད། ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཐད་ནས་དཔྱད་གླེང་བྱས་པ་དང་། ཚོ་ཆུང་གསུམ་པར་ཆ་འཕྲིན་སྒྲིག་གཅོད་ཀྱི་རྨང་གཞི་དང་བཀོལ་སྤྱོད་ཞིབ་འཇུག་སྟེ་ཁྲིད་ཆས་གསར་བཟོ་དང་། རྒྱང་སྦྲེལ་སློབ་གསོའི་སྟེགས་བུ། སློབ་ཁྲིད་ཐོན་ཁུངས་དོ་དམ། ཆ་འཕྲིན་ཚད་ལྡན་ཅན་ཏུ་གཏོང་བ་བཅས་ཀྱི་ཐད་ནས་དཔྱད་གླེང་བྱས་པ་རེད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།