སྒོ་མེ་བར་དབོན་སྡེ་བའི་སྐབས་བརྒྱད་པའི་བགྲོ་གླེང་ངམ་སྤྱི་སྐད་གཅིག་གྱུར་གྱི་གླེང་མོལ་ཚོགས་པ།

རྩོམ་པ་པོ།:ལྷ་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-21 10:27:00 ཀློག་གྲངས།:


མདོ་འཛིན་པ་སྐལ་རྒྱམ་གྱིས་འགོ་འཛིན་བྱེད་བཞིན་པ།

            སྒོ་མེ་བར་དབོན་སྡེ་བའི་སྐབས་བརྒྱད་པའི་བགྲོ་གླེང་ངམ་སྤྱི་སྐད་གཅིག་གྱུར་གྱི་གླེང་མོལ་དེ་ལུགས་རྙིང་གི་ཟླ1པོའི་ཚེས7ཉིན་སྒོ་མེ་གོང་འོག་བར་གསུམ་གྱི་ལྟེ་བ་སྟེ་ཨ་མྱེས་བར་དབོན་ནམ་བར་དབོན་དུང་རི་དཀར་པོའི་མདུན་ལུང་གི་ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་གི་ཤེས་རིག་ཉི་ཤར་སློབ་གླིང་དུ་གཟབ་རྒྱས་ངང་ཚོགས།


སྡེ་དཔོན་དར་རྒྱས་ཀྱིས་ཐེངས་འདིར་གཏན་ཁེལ་བྱས་པའི་བརྡ་ཆད་
གཅིག་གྱུར་གྱི་དཔེ་དེབ་ཚོགས་ཞུགས་མི་སྣར་སྟོན་བཞིན་པ།

            སྒོ་མེ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ལྷོ་བརྒྱུད་ཀྱི་ཚོ་བ་ཞིག་གི་མིང་སྟེ།  ད་ལྟ་སྒོ་མེ་གོང་འོག་བར་གསུམ་ཞེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་།  ཁྲི་ཀ་རྫོང་དང་མཚོ་ནུབ་ཁུལ་གྱི་དུར་ལམ་རྫོང་སོགས་སུ་ཁྱབ་ཡོད་ལ། ཚོ་བ་དེའི་སྐྱེས་ལྷ་ནི་བར་དབོན་དུང་རི་དཀར་པོའམ་ཨ་མྱེས་བར་དབོན་ཞེས་པ་དེ་ཡིན་ཞིང་།  ལོ་རེའི་ལུགས་རྙིང་གི་ཟླ6པའི་ཚེས13ཉིན་རི་དེའི་རྩེར་སྒོ་མེ་གོང་འོག་བར་གསུམ་གྱི་དད་འབངས་རྣམས་འཛོམས་ཏེ་ལབ་རྩེ་བསྟོད་པའི་སྲོལ་གནའ་ནས་ད་ལྟའི་བར་མ་ཉམས་པར་ཡོད་པ་རེད།  ཚོ་བ་དེའི་མ་དགོན་ནི་ཨ་མྱེས་བར་དབོན་གྱི་མདུན་ལུང་སྟེ་བར་དབོན་སྡེ་བར་ཆགས་ཡོད་པའི་ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་ཡིན་ལ།  དགོན་ལག་ལ་སྔགས་ཁང་དང་དགོན་པ་སུམ་ཅུར་ཉེ་བ་མཆིས། མཆོད་གཞིས་ནི་སྒོ་མེ་གོང་འོག་བར་གསུམ་གྱི་བོད་རྒྱ་ཧོར་སོག་བཅས་ཀྱི་དད་འབངས་ཡིན་པ་རེད།


ཚོགས་རའི་ཟུར་ཞིག

            བར་དབོན་སྡེ་བའི་བགྲོ་གླེང་ཞེས་པ་དེ་ཐོག་མར2004ལོར་བསྡུས་ཤིང་།  དེ་ཡང་སྐབས་དེར་སྡེ་བ་དེའི་སློབ་གསོ་དང་མཐུན་སྒྲིལ།  འཛུགས་བསྐྲུན་སོགས་ལ་དམིགས་ཏེ་དུས་སྐབས་དེར་བྱ་བ་དང་སློབ་ཆེན་འགྲིམས་བཞིན་པའི་སྡེ་བ་དེའི་མི་སྣ་འགས་སྒོ་མེ་ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་གི་དགོན་བདག་བླ་མའམ་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཀྱཱ་ྋཀུན་བཟང་པདྨ་རྣམ་རྒྱལ་ཚང་ལ་དེ་འདྲའི་བགྲོ་གླེང་ཞིག་སྤེལ་དགོས་བའི་དམིགས་ཡུལ་དང་།  འཆར་གཞི།  ཕན་ནུས་སོགས་ཡར་ཞུ་བྱས་ཤིང་།  ཁོང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་ན་མེད་པ་འཐོབ་པའི་མཐུན་རྐྱེན་འོག་ལོ་རེར་ཐེངས་རེར་སྤེལ་མགོ་བརྩམས་ཤིང་།  རིམ་བཞིན་བགྲོ་གླེང་གི་ནང་དོན་དེའང་ཐོག་མའི་གུ་དོག་པའི་རྣམ་པ་དེ་ལས་ཆེས་ཆེར་འགོངས་ཏེ་སྐུ་ཕྱོགས་ཏིང་ཀྱཱ་ཚང་གི་དགོངས་གཞི་གཙོ་བོར་བཟུང་སྟེ་བོད་ཀྱི་སྤྱི་སྐད་གཅིག་གྱུར་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་སྲུང་སྐྱོབ། རི་ཆུ་ནགས་གསུམ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ། བོད་ཀྱི་གོན་པ་རྒྱུན་གོན་བྱ་རྒྱུ་དང་། བོད་མིའི་རྒྱན་ཆའི་རིགས་ཏེ་གསེར་དངུལ་གཡུ་བྱུར་སོགས་ལ་ཚོད་འཛིན་བྱ་རྒྱུ། ཡུལ་ལུང་སོ་སོའི་དགའ་སྟོན་ཆེ་ཆུང་གི་འགྲོ་སོང་གྲོན་ཆུང་དང་བོད་སྟོན་རྣལ་མ་བྱ་རྒྱུ། ལོ་རེར་སློབ་གསོའི་མ་དངུལ་བསྡུས་ཏེ་དབུལ་ཕོངས་སློབ་མའི་སློབ་ཡོན་ཐད་རོགས་རམ་དང་མཐོ་འབྲིང་ནས་སློབ་ཆེན།  ཞིབ་འཇུག་སློབ་མ་སོགས་ལ་རྒྱུགས་འཕྲོད་པའི་སློབ་མར་རིམ་པ་མི་འདྲ་བའི་བྱ་དགའ་གནང་རྒྱུའི་ལམ་ལུགས་སོགས་ཅུང་ཞིབ་རྒྱས་ཤིག་ཆགས་ཡོད་པ་རེད།  ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ་སྐུ་ཕྱོགས་ཏིང་ཀྱཱ་ཚང་གིས་སྐུལ་སློང་འོག་སྒོ་མེ་གོང་འོག་བར་གསུམ་གྱི་སྡེ་བ་མང་པོ་ཞིག་ཀྱང་བགྲོ་གླེང་འདིར་ཞུགས་མགོ་བརྩམས་ཤིང་།  ད་ལོ་སྟེ་ཉིས་སྟོང་བཅུ་གཅིག་ལོར་སྒོ་མེ་གོང་འོག་བར་གསུམ་གྱི་སྡེ་བ་བཅུ་བཞི་ལྷག་གི་འཐུས་ཚབ་དངོས་སུ་བགྲོ་གླེང་འདིར་ཞུགས་པ་མ་ཟད། ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་གི་དགོན་བདག་བླ་མའམ་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཀྱཱ་ྋཀུན་བཟང་པདྨ་རྣམ་རྒྱལ་ཚང་དང་ཁྲི་ཀ་ལྷ་ཁང་ཐང་དགོན་གྱི་དགོན་བདག་བླ་མ་ཆོས་དབྱིངས་ཡེ་ཤེས་ཚང་གཉིས་གཙོ་བྱས་པའི་བླ་སྤྲུལ་འགའ་དང་སློབ་ཆུང་འགའི་སློབ་གཙོ། དགེ་རྒན། གཞུང་ཞབས་པ་སོགས་སྐུ་མགྲོན་ལྔ་བཅུ་ལྷག་སླེབས་ཡོད་པ་རེད།
            དེར་བརྟེན།  ཐེངས་འདིར་ཚོགས་ཞུགས་མི་སྣ་སོ་སོས་རང་རང་གི་བསམ་ཚུལ་ཇི་བཞིན་དུ་གླེང་ཞིང་འདྲ་མཉམ་དང་རང་དབང་གི་སྒོ་ནས་གནད་དོན་རེ་རེར་བརྩད་བསྡུར་བྱས་ཏེ། སྡེ་བ་རེ་རེར་ཕ་སྐད་ཚོགས་པ་བཙུགས་ཤིང་།  ཕ་སྐད་ཚོགས་པའི་ཚོགས་གཙོ་དག་གིས་རང་ནུས་ཅི་ལྕོག་གིས་རང་རང་གི་འོས་འགན་ཕྲག་ཏུ་ལེན་རྒྱུའི་ཆོད་སེམས་དང་།  འཆར་གཞིའང་གསལ་བསྒྲགས་བྱས་པ་རེད།  དེ་བཞིན་ཐེངས་འདིའི་བགྲོ་གླེང་སྟེང་བརྡ་ཆད་གཅིག་གྱུར་གྱི་དཔེ་དེབ་ལ《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》ཅེས་པ་གཏན་ཁེལ་བྱས་པ་མ་ཟད།  སློབ་གསོའི་རོགས་དངུལ་གྱི་མ་རྩ་བསྡུ་གནང་སྐོར་གྱི་དོ་དམ་དང་ཤོ་བརྒྱན་དུ་ཆང་ཚོད་འཛིན་སྐོར་གྱི་དོ་དམ་སོགས་བརྒྱུད་བསྒྲགས་བྱས་པ་རེད།  དེ་བཞིན་སྐབས་རྗེས་མའི་བགྲོ་གླེང་འདུ་ཚོགས་ཀྱི་འཆར་གཞི་དང་འོས་འགན།  ཁྱབ་ཁོངས། རྩ་འཛུགས་མི་སྣ་སོགས་ཕྱོགས་མང་པོའི་ཐད་ནས་གྲོས་བསྡུར་བྱས་རྗེས་ཐེངས་འདིའི་བགྲོ་གླེང་ཡོངས་སུ་མཇུག་བསྡུས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།