
ཁམས་གསུམ་ཆོས་ཀྱི་རྒྱལ་པོ༧ཤར་ཙོང་ཁ་བ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་གྱི་ཉིན་མོ་དང་འཛམ་གླིང་མཚན་ཉིད་རིག་པའི(世界哲学日)ཉིན་མོ་སྟེ། དུས་ཆེན་གཉིས་འཛོམས་ཀྱི་སྐབས་དང་བསྟུན་ནས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཐེངས་གསུམ་པའི་སྐད་ཡིག་བློ་རྒྱུགས་འགྲན་བསྡུར་ཆེན་མོ་དེ་ཉེ་སྔོན་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་བཀོད་སྒྲིག་ལྟར་སློབ་སྟོན་ཁང་དང་སྐད་ཡིག་སློབ་དཔྱོད་ཁང་གིས་གཙོ་སྒྲུབ་དང་། ལོ་རིམ་སོ་སོའི་ཀྲུའུ་རིན་དང་འཛིན་བདག་རྣམས་ཀྱི་རོགས་སྒྲུབ་ལ་བརྟེན་ནས་དམའ་འབྲིང་དང་མཐོ་འབྲིང་རིགས་གཉིས་སུ་བཀར་ཏེ་སློབ་ཁྲིད་ཐོག་ཁང་གི་ཐང་ཆེན་དང་ལུས་རྩལ་ར་བ་ནས་སོ་སོར་གཟབ་རྒྱས་ངང་སྤེལ་མགོ་བརྩམས་པ་དང་ཚེས25ཡི་ཕྱི་དྲོར་བྱ་དགའི་མཛད་སྒོ་བསྡུས་ནས་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུ་བར་བྱས།

ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་དམིགས་ཡུལ་དང་དགོས་པ་གཙོ་བོ་ནི་ཐེངས་སྔོན་མ་གཉིས་ཀྱི་འགྲན་བསྡུར་དང་མི་འདྲ་བར། བློ་རྒྱུགས་ཀྱི་གོ་རིམ་དེ་སློབ་མ་རེ་རེ་ལ་ཁ་ཕྱོགས་པ་དང་བློ་འཛིན་གྱི་ཁྱབ་ཁོངས་དེ་ཡང་གཟུང་བྱའི་ནང་དོན་ཡོངས་ལ་ཁ་ཕྱོགས་པ། རྒྱུགས་བཤེར་མི་སྣའང་གཙོ་བོ་དགེ་རྒན་ལས་སློབ་མར་ཁ་ཕྱོགས་པ། ལྷག་པར་དུ་སློབ་མའི་མི་གཤིས་ལ་ཁ་ཕྱོགས་པའི་ཡིད་སྟོན་སློབ་གསོའི(诚信教育)བྱ་འགུལ་ཐེངས་གཅིག་ཡིན་པར་བརྟེན། སློབ་མ་སོ་སོའི་བློ་རྒྱུགས་བྱང་ཚད་ཇེ་མཐོ་དང་། བློ་འཛིན་ནུས་པ་ཇེ་བརྟན། སློབ་རའི་བློ་འཛིན་མཁའ་དབུགས་ཇེ་གཙང་དུ་གཏོང་བའི་རྨང་གཞིའི་སྟེང་ལོ་རིམ་ཡོངས་དང་འཛིན་གྲྭ་སོ་སོའི་བློ་རྒྱུགས་དམིགས་ཚད་འགྲུབ་པའི་ཕྱོགས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཟོལ་མེད་གཞུང་དྲང་གི་མི་གཞི་བཟང་པོ་ཞིག་འགྲུབ་པར་དོན་སྙིང་དང་རིནཐང་གི་ནུས་པ་ཆེན་པོ་ལྡན།

སྐད་ཡིག་བློ་རྒྱུགས་འགྲན་བསྡུར་ཐེངས་གསུམ་པའི་བྱ་དགའི་མཛད་སྒོའི་སྟེང་སློབ་གཙོ་ཚེ་དཔལ་སྐྱབས་དང་སློབ་སྟོན་ཀྲུའུ་རིན་སྙིང་ཐར་ཚེ་རིང་གཉིས་མཉམ་ཞུགས་གནང་བ་མ་ཟད་ལོ་འདི་གའི་བློ་རྒྱུགས་འགྲན་བསྡུར་གྱི་གནས་ཚུལ་དང་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ལ་གཏམ་བཤད་གལ་ཆེན་གནང་།

ལོ་རིམ་སོ་སོ་ལས་ཐོན་པའི་བློ་འཛིན་ཕུལ་བྱུང་ཅན་གྱི་འཛིན་གྲྭ6དང་སློབ་མ54ལ་རིམ་པ་མི་འདྲ་བའི་བདག་རྐྱེན་གནང་བ་དང་། དེ་དག་ལས་ཀྱང་བློ་རྒྱུགས་བྱང་ཚད་རྩེར་སོན་ཅན་གྱི་སློབ་མ6ལ་དམིགས་གསལ་གྱིས་མཐོང་ཆེན་དང་གོ་སྐབས་བསྩལ་ནས་སློབ་གྲྭའི་དགེ་སློབ2000ལྷག་གི་མདུན་སར་བློ་འཛིན་དཔེ་སྟོན་བྱེད་དུ་བཅུག་པས་སློབ་ར་ཧྲིལ་བོར་དགའ་འབོད་ཀྱི་མཐོ་རླབས་བསྟུན་མར་འཕྱུར་ཞིང་ཚོགས་རའི་སློབ་མ་མང་བོ་ཞིག་ལ་སྐུལ་ལྕག་ཐེབས་ཤིང་མིག་རྒྱ་བསྐྱེད། སེམས་ཤུགས་བསྣན། ཡིད་ཆེས་རྙེད་པ་སོགས་ཀྱི་དགེ་མཚན་དུ་མས་ཡོངས་སུ་བརྒྱན་པར་བྱས།

མཇུག་མཐར་ད་ལོའི་མཐོ་གསུམ་ལོ་རིམ་ཀྱི་སློབ་མ་༣༠༠ལྷག་གིས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མདུན་གྲལ་དུ་དམིགས་དཔེ་དང་སྣེ་ཁྲིད་ཀྱི་ཚུལ་དུ། གདོད་མ་ནས་བླ་བྲང་གི་ཡུལ་ལུང་འདིར་དར་ཁྱབ་ཆེ་བའི་གནའ་བོའི་གདངས་དབྱངས་ཀྱི་ཚན་ཁ་མ་ཡལ་བ་སྟེ། ད་ལྟར་སློབ་གྲྭའི་སློབ་གླུ་ལྟ་བུར་ཆགས་པའི་གངས་ཅན་བོད་ཀྱི་ལྷ་སྐལ་ཞེས་པ་གདངས་མཐོ་ལ་འགྲོས་མཉམ་པ། འགྱུར་ཁུགས་ཀྱིས་ཕྱུག་པའི་དབྱངས་རྟ་ལ་བརྒྱུས་ནས་ཐེངས་འདིའི་བློ་རྒྱུགས་འགྲན་བསྡུར་གྱི་མཇུག་མཐའི་ཚན་པར་སྒྱུ་རྩལ་གྱི་གསོན་ཤུགས་གསར་བ་ཞིག་བསྣན་པ་དང་ཆབས་ཅིག་བྱ་དགའི་མཛད་སྒོ་དེ་རྟེན་འབྲེལ་གྱི་ཁ་གཡང་དང་ལྷན་དུ་མཇུག་བསྡུས་པའོ།།