སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླིང་སྒྲུང་ལ་སྲུང་སྐྱོབ་སོགས་བྱ་དགོས་ཚུལ་ཐེངས་མང་པོར་གསུངས།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-07 10:59:40 ཀློག་གྲངས།:
༄༅། །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སེམས་གཡོ་བའི་སྒྲུང་རབས་རླབས་པོ་ཆེ་འདི་ཐེངས་མང་གླེང་མྱོང་།
ཡོང་ཁུངས། ཞིན་ཧྭ་དྲ་བ། ཡིག་སྒྱུར་པ། ཆབ་འགག་ཇོ་རུ།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་ཆེན་པོ་བྱེད་ཅིང་། མི་སེམས་གཡོ་བའི་སྒྲུང་རབས་རླབས་པོ་ཆེ་ཞིག་ཡོད་པ་དེ་སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་གླེང་མྱོང་། དེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིན།
        སྒྲུང་རབས་དེར་ལོ་ངོ་སྟོང་ལ་བསྟོད་བསྔགས་བྱས་ཤིང། དེས་བཅད་ལྷུག་སྤེལ་མའི་དོན་བརྗོད་གྱི་སྒོ་ནས་བོད་ཀྱི་དཔའ་བོ་གླིང་རྗེ་གེ་སར་རྒྱལ་པོས་བཙན་པོར་གཉའ་ནས་མནན་ཞིང་གཉོམ་ཆུང་མཐའ་ནས་བསྐྱངས་ཏེ། མི་རིགས་ཁག་གི་ཞི་མཐུན་མཉམ་གནས་དང་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྣེ་ཁྲིད་པའི་གཏམ་རྒྱུད་བརྗོད་ཡོད།
        2011ལོར་ཞི་ཅིན་ཕིང་གིས་བོད་ལྗོངས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གྱི་པར་རིས་དང་དངོས་པོར་གཟིགས་སྐོར་གནང་སྐབས། ཟློས་གར་དང«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»སོགས་ཀྱི་འགྲེམས་སྟོན་ལ་གཟིགས་ཏེ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་ལ་ཁས་ལེན་གང་ལེགས་མཛད།
2014ལོའི་ཟླ10ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གསུང་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕང་ཤིན་ལེས་པར་བླངས།
        2014ལོའི་ཟླ10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་སྟེ་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་རྒྱུས་ཐོག་གི་རིག་གནས་པ་གྲགས་ཅན་དང་རིག་རྩལ་བརྩམས་ཆོས་རབ་དང་རིམ་པ་དཔེ་བླངས་ཏེ། ལའོ་ཙི་ནས་ཁུང་ཙི། ཀྲོང་ཙེ། མེང་ཙི། ཆུས་ཡོན། ཝང་ཞི་ཀྲི། ལི་པེ། ཏུའུ་ཧྥུ། སུའུ་ཧྲེ། ཞིན་ཆི་ཅི། ཀོན་ཧན་ཆིན། ཚའོ་ཞུའེ་ཆིན་དང་། དེ་ནས“ལུའུ་དང་། ཀུའོ། མའོ། པ། ལའོ། ཚའོ”(ལུའུ་ཞུན་དང་། ཀུའོ་མོ་རུའོ། མའོ་ཏུན། པ་ཅིན། ལའོ་ཧྲེ། ཚའོ་ཡུས།)དང་། ཉེ་ཨེར་དང་ཞན་ཞིན་ཧའེ། མེ་ལན་ཧྥང་། ཆི་པའེ་ཧྲི། ཞུས་པེ་ཧུང་བཅས་དང་། སྙན་ངག་གི་གཞུང་དང་ཁྲུའུ་ཡི་སྙན་ཚིག་ནས་ཧན་རྒྱལ་རབས་ཀྱི་བཅད་ལྷུག་སྤེལ་མ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར་བཅས་དང་། དེ་བཞིན་མིང་དང་ཆིང་རྒྱལ་རབས་ཀྱི་བརྩམས་སྒྲུང་། གེ་སར་སྒྲུང་དང་མ་ན་སི། ཅང་ཀེར་སོགས་ལོ་རྒྱུས་མཚོན་པའི་སྙན་ངག་རིང་མོ་དང་། ལྔ་བཞིའི་དུས་ཀྱི་རིག་གནས་གསར་པའི་ལས་འགུལ་དང་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་དེ་རིང་གི་བར་དུ་སྐར་ཚོགས་བཀྲ་བ་ལྟ་བུའི་རིག་རྩལ་མཁས་དབང་མང་པོ་བྱུང་མྱོང་བ་དང་། རྩེར་སོན་རིག་རྩལ་བརྩམས་ཆོས་བགྲང་གིས་མི་ལངས་པ་ཞིག་ཤུལ་དུ་བཞག་ཡོད་པས། དེས་ཀྲུང་ཧྭ་མི་རིགས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉིང་བཅུད་མཁོ་འདོན་བྱས་པར་མ་ཟད། འཛམ་གླིང་གི་ཤེས་རིག་ལ་ངོ་མཚར་ཆེ་བའི་ལེའུ་ཞིག་ཀྱང་བསྣན་ཡོད་པ་ནན་གྱིས་བསྟན།
2018ལོའི་ཟླ3ཚེས20ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡའོ་ཏ་ཝེ་ཡིས་པར་བླངས།
        2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་སྟེང་དུ་ཞི་ཅིན་ཕིང་གིས་མི་དམངས་ཀྱི་གསར་གཏོད་སྟོབས་ཤུགས་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་ངལ་རྩོལ་དང་སྔར་མེད་གསར་གཏོད་བྱས་ཡོད་པ་བསྟན་ཅིང་། རླབས་ཆེན་གྱི་གྲུབ་འབྲས་རབ་དང་རིམ་པ་དཔེ་བླངས་ཏེ་བརྗོད་སྐབས། ཁོང་གིས་ཡང་བསྐྱར«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»སོགས་སྒྲུང་རབས་རླབས་པོ་ཆེ་གླེང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། རང་རྒྱལ་དུ་ལའོ་ཙི་དང་། ཁུང་ཙི། ཀྲོང་ཙི། མེང་ཙི། མོ་ཙི། སུན་ཙི། ཧན་ཧྥེ་ཙི་སོགས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་བསམ་བློ་པ་རླབས་པོ་ཆེ་བྱུང་ཞིང་། ཤོག་བུ་བཟོ་རྩལ་དང་། མེ་རྫས། དཔར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་སོགས་མིའི་རིགས་ཀྱི་ཤེས་རིག་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ཚན་རྩལ་གྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཡོད་ལ། སྙན་ངག་གི་གཞུང་དང་། ཁྲུའུ་རྒྱལ་རབས་ཀྱི་སྙན་ཚིག ཧན་རྒྱལ་རབས་ཀྱི་བཅད་ལྷུག་སྤེལ་མ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་བརྩམས་སྒྲུང་སོགས་རིག་རྩལ་བརྩམས་ཆོས་རླབས་པོ་ཆེའང་གསར་རྩོམ་བྱས་པ་དང་། གེ་སར་སྒྲུང་། མ་ན་སི། ཅང་ཀེར་སོགས་མི་སེམས་གཡོ་བར་བྱེད་པའི་སྒྲུང་རབས་རླབས་པོ་ཆེ་རྒྱུན་འཛིན་བྱས་པར་མ་ཟད། ལྕགས་རི་རིང་པོ་དང་། ཏུའུ་ཅང་ཡན། མིས་བཟོས་གཙང་པོ་ཆེན་པོ། གནའ་བོའི་ཕོ་བྲང་ཀུའུ་ཀོང་། ཕོ་བྲང་པོ་ཏ་ལ་སོགས་བརྗིད་ཉམས་ལྡན་པའི་བཟོ་སྐྲུན་རླབས་པོ་ཆེའང་བསྐྲུན་ཡོད།
2019ལོའི་ཟླ9ཚེས27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞུའེ་རེན་གྱིས་པར་བླངས།
        2019ལོའི་ཟླ9པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་དུ་ཞི་ཅིན་ཕིང་གིས་སླར་ཡང«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»སོགས་དཔེ་བླངས་ཏེ། ང་ཚོའི་འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་ཁག་གི་ཐུན་མོང་དུ་གསར་གཏོད་བྱས་པ་ཡིན། ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་ཉིང་བཅུད་ཡིན་པ་གསལ་བཤད་བྱས། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། རང་རྒྱལ་མི་རིགས་ཁག་གིས་སྙན་ངག་གི་བསྟན་བཅོས་དང་། ཁྲུའུ་རྒྱལ་རབས་ཀྱི་སྙན་ཚིག ཧན་རྒྱལ་རབས་ཀྱི་བཅད་ལྷུག་སྤེལ་མ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྒྲུང་གཏམ་སོགས་བརྩམས་ཆོས་རླབས་ཆེན་གསར་རྩོམ་བྱས་པ་དང་། གེ་སར་སྒྲུང་དང་། མ་ན་སི། ཅང་ཀེར་སོགས་མི་སེམས་གཡོ་བར་བྱེད་པའི་སྒྲུང་རབས་རླབས་པོ་ཆེ་རྒྱུན་འཛིན་བྱས་ཡོད་ལ། ལེ་དབར་ཁྲི་ལྡན་གྱི་ལྕགས་རི་རིང་པོ་དང་། ཏུའུ་ཅང་ཡན་ཆུ་རགས། མིས་བཟོས་གཙང་པོ་ཆེན་པོ། གནའ་བོའི་ཕོ་བྲང་ཀུའུ་ཀོང་། ཕོ་བྲང་ཕོ་ཏ་ལ། ཁར་ཅིང་སོགས་ཀྱི་ལས་གྲྭ་རླབས་ཆེན་འཛུགས་སྐྲུན་བྱས་ཡོད།
2019ལོའི་ཟླ7ཚེས15ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་གནང་། འདི་ནི་ཚེས15ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཁྲི་ཧྥུང་རྟེན་རྫས་བཤམས་མཛོད་ཁང་དུ་གནའ་བོའི་མི་རིགས་ཀྱི་སྒྲུང་རབས«ཀེ་སར(སི)སྒྲུང»གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པའི་ཚུལ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤེ་ཧོང་ཁྲེ་ཡིས་པར་བླངས།
        ལོ་དེའི་ཟླ7པར། ནང་སོག་ཏུ་རྟོག་ཞིབ་གནང་སྐབས་ཞི་ཅིན་ཕིང་གིས་ད་དུང་ཡུལ་དངོས་ནས་སྒྲུང་རབས་རླབས་པོ་ཆེ་གྱེར་བཤད་འགྲེམས་སྟོན་ལ་གཟིགས་པ་རེད། སྒྲུང་བཤད་མཁན་ནི་པ་ལིན་ཡིའུ་ཆི་ནས་ཡོང་བའི་མི་དགུ་ཅན་གྱི་གྱེར་བཤད་ཚན་སྡེབ་ཅིག་རེད། དེའི་ཁྲོད་ཀྱི་ལོ་ཆུང་ཤོས་ནི་ལོ11དང་ཆེ་ཤོས་ནི་ལོ86ཡིན་པ་རེད། ལོ་ན་རྒན་དར་གཞོན་གསུམ་གྱིས་སྒྲུང་བཤད་པ་འདིས་སྒྲུང་རབས་རླབས་པོ་ཆེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་དང་བྱེད་བཞིན་པའི་བསྡུས་རིས་ཤིག་རེད། ཞི་ཅིན་ཕིང་གིས་སྒྲུང་བཤད་ཅིག་ལ་གཟིགས་རྗེས་ཚོར་སྣང་ཟབ་མོའི་ངང་བསྟན་དོན། ཁྱོད་ཚོའི་སྒྲུང་བཤད་པ་དེས་ང་ཚོར་རྨང་མཐུག་པའི་ལོ་རྒྱུས་རིག་གནས་དེར་མྱོང་རོལ་ཐེངས་ཤིག་བྱེད་དུ་བཅུག་ཅིང་། མི་རིགས་ང་དྲུག་མུ་མཐུད་དུ་བརྗེ་རེས་མཉམ་འདྲེས་བྱས་ནས་རྒྱུ་མང་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་གྲུབ། ང་ཚོའི་ཀྲུང་ཧྭའི་ཤེས་རིག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། འཛམ་གླིང་སྟེང་རྒྱུན་ཆད་མ་མྱོང་བར་ད་ལྟའི་བར་དུ་འཕེལ་རྒྱས་བྱུང་བ་གཅིག་པུ་ཡིན་པས། གྲངས་ཉུང་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་མཐོང་ཆེན་གང་ལེགས་བྱེད་དགོས། དེ་རིང་ང་ཁྱེད་ཚོར་ལྟ་རུ་ཡོང་དོན་ནི། ཏང་ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པ་གསལ་སྟོན་བྱ་ཆེད་ཡིན།
        རྣམ་པ་གསོན་པོའི་ཚུལ་དུ་གནས་ཤིང་དང་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་སྒྲུང་རབས་སུ་གྱུར་ཡོད་པའི«གླིང་རྗེ་གེ་སར་རྒྱལ་པོ་སྒྲུང»ནི་འཛམ་གླིང་རིག་གནས་བང་མཛོད་ཁྲོད་དུ་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཀྱང་རེད།
        ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་སྤེལ་བའི་ཀྲུང་ཧྭའི་རིག་གནས་དེ་འདྲའི་ངོ་མཚར་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་དེ་ནི་ང་ཚོའི་རིག་གནས་རང་རྟོན་ཆེན་པོ་ལྡན་པའི་འབྱུང་རྩ་ཡིན། རང་རྟོན་འདི་ནི་སྔར་བས་རྨང་གཞི་ལྡན་པ་དང་རྒྱ་ཆེ་བ། གཏིང་ཟབ་པ་བཅས་ཀྱི་རང་རྟོན་ཡིན་པ་དང་། སྔར་བས་གཞི་རྩ་དང་གཏིང་ཟབ། རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཀྱང་ཡིན་ལ། འདི་ཡང་སྤྱི་ཁྱབ་ཧྲུའུ་ཅིས«གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང»སོགས་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་ལ་མཐོང་ཆེན་ཆེན་པོ་བྱེད་པའི་དོན་སྙིང་ཟབ་མོ་དེའང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།