ཉིན་རྩིས་ཉེར་མཁོའི་དྲི་བ་དང་དྲི་གཞི།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་བོད་རིག་གནས་ཞིབ་འཇུག་ཚོགས་པ། དུས་ཚོད།:2023-10-26 09:14:20 ཀློག་གྲངས།:
༡ ལེགས་པ་བརྒྱད་འཛོམས་གང་དག་རེད།
       ལེགས་པ་བརྒྱད་འཛོམས་ལ་ཁེལ་བའི་ཉི་མ་གལ་ཆེ་བས་སྔོན་བླ་མ་རྣམས་པས་ཀྱང་ལེགས་བརྒྱད་ལ་གཟིགས་སྲོལ་ཡོད་པ་དང་། དེ་བརྒྱད་པོ་ནི་འཇམ་མགོན་མི་ཕམ་པས།
       ༡ གནས་གང་དུ་སྐྱེས་ཀྱང་ཆོས་སྐྱོང་བའི་རྒྱལ་པོ་དང་འཕྲད།
       ༢ སྡིག་པ་མི་བྱེད་པའི་ཡུལ་དང་འཕྲད།
       ༣ ལྟོགས་པས་ཟས་བཟང་པོ་དང་འཕྲད།
       ༤ རྟག་ཏུ་དགེ་བའི་གྲོགས་དང་འཕྲད།
       ༥ དབང་པོ་ཚང་ཞིང་སྤྱོད་ལམ་ཞི་དུལ་ངང་ཚུལ་ཁྲིམས་ཉམས་པ་མེད་པ་དང་ལྡན།
       ༦ མཆོད་རྫས་ཡོ་བྱད་གཞན་གྱིས་མི་འཕྲོག
       ༧ རྟག་ཏུ་མི་རྣམས་ཀྱིས་བཀུར་བསྟི་བྱེད་པ་དང་འཕྲད།
       ༨ ནོར་རྫས་ཕུན་སུམ་ཚོགས་པ་དང་འདོད་པའི་ཡོན་ཏན་གྱི་དོན་ཐམས་ཅད་འགྲུབ་པ་དང་བརྒྱད་དོ། །
༢ གནམ་ལོའི་ཕྱོགས་གཙང་ཇི་ལྟར་ངོས་འཛིན་དགོས།
       ས་བདག་གང་ཡང་མེད་པའི་ཕྱོགས་དེར་བརྗོད་དེ། དེར་ཁ་གཏད་དེ་ལས་སྣེ་གཏོད་དགོས་པ་ཡིན། གལ་སྲིད་ཕྱོགས་གཙང་མེད་ན་ས་བདག་ཀུངས་མྱུལ་གནས་སའི་ཕྱོགས་དེར་ངོས་འཛིན་འདི་བྱ་བ་གང་བསྒྲུབ་ན་གལ་ཆེ་ཡིན་པར་རྩིས་གཞུང་དག་ལས་གསུངས།
༣ ས་བདག་ཅེས་པ་གང་ལ་ཟེར།
       སེམས་ཅན་གདུག་པ་ཅན་དེ་དག་ཕྱོགས་གང་དང་དུས་གང་དུ་རྒྱུ་བའི་སྐབས་དེར་ཁེལ་ཏེ་ལས་སྣེ་གཏོད་ན་འགལ་རྐྱེན་འབྱུང་། ལྷག་པར་ས་བདག་ཟིན་ཕུང་དང་ཧལ་ཁྱི་ལ་འཛེམ། ས་བདག་རྒྱུ་ཕྱོགས་སོགས་ལི་ཐོ་རྒྱས་པའི་ཟླ་རེའི་ཟླ་བཤད་མཇུག་ན་གསལ།
༤ ས་བདག་གི་རིགས་ལ་ཅི་ལྟར་འཛེམ་དགོས་སམ།
       ས་བདག་གནས་པའི་ཕྱོགས་དེར་བདག་གིར་བྱས་ནས་གནས་བཅས་པ་ཡིན། དེའི་རྐྱེན་ལས་བྱ་བ་གང་བསྒྲུབ་ན་ས་བདག་མེད་པའི་ཕྱོགས་དེར་ལས་སྣེ་གཏད་དེ་བསྒྲུབ་ན་ཡག་པར་གསུང་། ལྷག་པར་ས་རྐོ་མཁར་ལས་དང་། དུར་ས་འདེབས་པ་སོགས་འཛེམ་པར་བྱ།
༥ བླ་གཟའ་དང་སྲོག་གཟའ་ཅི་ལྟར་ལྟ།
       གང་ཟག་རང་གི་བླ་གཟའ་དང་སྲོག་གཟའི་ཉི་མ་དེ་ལ་ཁེལ་ན་དགེ་ལས་མྱུར་འགྲུབ་ཡོང་བའི་གཟའ་ཡིན་སྟེ། ལི་ཐོའི་འབྲས་བཤད་ལས། བླ་གཟའ་དར་དུས་བྱ་ལས་འགྲུབ། །སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ། །ཞེས་པ་ལྟར་དུ་གཤེད་གཟའ་ལ་འཛེམ་དགོས།
༦ རླུང་རྟ་ངོས་འཛིན་དང་རླུང་རྟའི་དར་མདོག་གང་།
       ཀླུང་ཞེས་པ་འབྱུང་བ་ནམ་མཁའི་ཁམས་མཚོན་པ་ཡིན་ཏེ་ཀུན་ལ་ཁྱབ་པའི་བདག་ཉིད་ཞིག་དང་། རྟ་ཞེས་པ་ཅང་ཤེས་རྟ་ཕོར་མཚོན་པ་ཡིན་ཏེ་དེང་མ་བགྲོད་པ་ཀུན་གྱི་མཆོག་ཡིན་རྐྱེན་ལས་མྱུར་བ་དང་། ཀླུང་རྟ་ཞེས་པ་ནི་མཐུན་རྐྱེན་མཐའ་དག་མྱུར་ཏུ་བསྒྲུབ་ཅིང་འགལ་རྐྱེན་དབྱིངས་སུ་སེལ་བ་ལ་ཀླུང་རྟ་ཞེས་ཟེར། དར་མདོག་ནི། སྟག་རྟ་ཁྱི་གསུམ་དར་མདོག་དཀར་པོ་འདོགས། ཕག་ལུག་ཡོས་གསུམ་དར་མདོག་དམར་པོ་འདོགས། བྱི་འབྲུག་སྤྲེལ་གསུམ་དར་མདོག་ལྗང་གུ་འདོགས། བྱ་གླང་སྦྲུལ་དར་མདོག་སྔོན་པོ་འདོགས་ལུགས་བཅས་ཡིན།
༧ ཡན་ལག་ལྔ་བསྡུས་ཞེས་པ་གང་དག་ཡིན་ནམ།
       གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་བསྡུས་ཞེས་སུ་གྲགས། །
༨ ལོ་ལྷ་དང་ལོ་བདུད་ལ་ཅི་ལྟར་ལྟའམ།
       ཤར་སྟོད་སྟག ཤར་སྨད་ཡོས། ཤར་ལྷོ་འབྲུག ལྷོ་སྟོད་སྦྲུལ། ལྷོ་སྨད་རྟ། ལྷོ་ནུབ་ལུག ནུབ་སྟོད་སྤྲེའུ། ནུབ་སྨད་བྱ། ནུབ་བྱང་ཁྱི། བྱང་སྟོད་ཕག བྱང་སྨད་བྱི། བྱང་ཤར་གླང་གནས་པའི་སྟེང་གནམ་ལོ་གང་ཤར་བའི་ལོ་རྟགས་དེ་ལོ་ལྷ་དང་། དེ་བརྩིས་ནས་བདུན་པ་ལོ་བདུད་དུ་ངོས་འཛིན་པ་ཡིན།
༩ ཉིན་གཅིག་གི་དུས་ཚོད་ངོས་འཛིན་སྟངས་ཅི་ལྟར་ཡིན་ནམ།
       དུས་ཚོད་ཀྱི་ཐོག་མ་ནམ་ལངས་ཡོས་སུ་བརྩིས་ཏེ་་པེ་ཅིང་དུས་ཚོད་གཉིས་རེ་གཅིག་ཏུ་བརྩིས་པའི་ལོ་རྟགས་བཅུ་གཉིས་རེས་སུ་འཁོར་བ་ལ་ཟེར།
༡༠ གླང་རྩི་ལ་ཇི་ལྟར་ལྟ་དགོས་སམ།
       གཙོ་བོ་ནི་འབྲུག གླང་། གླང་རྫི། གོ་རེ་བཅས་ལ་བརྟག་ན། འབྲུག་གི་གྲངས་ལས་ཆར་ཆུའི་མང་ཉུང་ལ་དཔྱད། གླང་གིས་རོང་འབྲོག་མང་ཚོགས་ཞིང་ཕྱུགས་ཀྱི་འཕེལ་ཁ། དུས་བཞི་དང་རྩི་ཤིང་སོགས་ཀྱི་སྐྱེ་སྟོབས་ལ་དཔྱད། གླང་རྫིའི་སྟེང་ནས་མི་ལ་བརྟག་སྟེ་རྒན་བྱིས་དར་གསུམ་རྩུབ་མིན་ལ་དཔྱད། གོ་རེའི་སྟེང་ནས་ཟས་བཅུད་ཀྱི་བཟང་ངན་དཔྱད།
༡༡ ལི་ཐོ་ལས་དབྱངས་འཆར་གང་ཡིན་ནམ།
       རུས་སྦལ་འཁོར་ལོ་དང་། ཕན་ཚུན་ཆེན་པོ། སེང་གདན་འཁོར་ལོ། མདོ་སྡེ་གསང་བ་སོགས་ཀྱི་འབྲས་བུ་ལི་ཐོ་རྒྱས་པའི་ནང་གསལ་བོར་ཡོད།
༡༢ སྐྲ་སྐར་བཟང་མིན་གང་ནས་ལྟ་དགོས།
       ལི་ཐོ་ཆུང་བའི་ནང་ན་འཇམ་མགོན་མི་ཕམ་པའི་རྩིས་སྐོར་གྱི་ནང་གི་སྐྲ་སྐར་བསྟན་པ་བཞིན་ཉིན་རེ་རེ་བཞིན་བཀོད་ཡོད།
༡༣ དེ་རིང་ཉི་མ་མི་ཡག་ཀྱང་བྱ་བ་ཞིག་བསྒྲུབ་དགོས་ཚེ་ཅི་ལྟར་བྱ།
       གཟའ་ཡུམ་དང་སྐར་ཡུམ་སོགས་ཀྱི་བཅོས་ཀ་དང་། ཡང་ན་དུས་ཀྱི་སྦྱོར་བ་ལ་བརྟག་སྟེ་རགས་པ་བདུད་རྩི་ཐུན་མཚམས་དང་ཞིབ་པ་དབྱངས་འཆར་དུས་ཀྱི་ཞིང་གཟའ་སོགས་ལ་བརྟག་པ་གལ་ཆེ།
༡༤ བསང་སྐར་ལ་ཅི་ལྟར་ལྟ།
       གཟའ་སྐར་སོགས་ལ་བལྟ་ཚུལ་ཀྱང་ཡོད་མོད། གཙོ་བོ་སྡེ་བརྒྱད་དུས་གཅིག་ལ་ཡོད་པའི་སྐབས་བསང་མཆོད་སོགས་བྱས་ན་ལེགས། དེ་ལི་ཐོ་ཆེ་ཆུང་གཉིས་ཀའི་ཚེས་ཁུངས་སུཐེབས།ཞེས་པ་བསང་སྐར་ལ་གོ་ཆོག
༡༥ སློག་ཅེས་པ་ཅི་ཡིན་ནམ།
       དེ་ལི་ཐོ་ཆེ་ཆུང་གཉིས་ཀའི་ཚེས་ཁུངས་ཏུ་ཡོད། སློགཅེས་པ་ནི་སྐོང་ཡིག་ཅིག་ཡིན་རྐྱེན། དེའི་དོན་ནི་ས་བདག་བཟློག་ཅེས་པའི་དོན་ཡིན་པས་ས་བདག་ཡོད་དོ་ཅོག་དུས་གཅིག་ཏུ་བཟློག་པ་ཡིན་པས་ས་རྐོའི་ལས་སོགས་འཛེམ་པར་བྱ།
༡༦ བདུད་རྩི་ཐུན་མཚམས་ལ་ཅི་ལྟར་ལྟ་དགོས་སམ།
       འདི་ནི་རགས་པ་དུས་སྦྱོར་ཡིན་རྐྱེན་གཟའ་བདུན་པོ་ཉིན་རེ་འཁོར་ནས་ཕུར་བུ་བདུད་རྩི་ཐུན་མཚམས་དང་སྤེན་པ་རིགས་ལྡན་གཉིས་སུ་དབྱེ། འདི་ལི་ཐོ་རྒྱས་བསྡུས་གཉིས་ཀར་རེའུ་མིག་བཀོད་ཡོད། ལྷག་ཏུ་ལི་ཐོ་ཆུང་བའི་ཚེས་ཁུངས་རེ་རེར་གསལ་བས་སྨན་དང་བྱ་བ་གང་བསྒྲུབ་ཕུར་བུ་བདུད་རྩི་ཐུན་མཚམས་ལ་ལྟ། སྤེན་པ་རིགས་ལྡན་ལ་འཛེམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།