མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་འབྲོག་དམངས་ཚོས་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ཕུན་ཚོགས་སུ་སྤེལ་པ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-24 10:37:00 ཀློག་གྲངས།:

             ཉེ་ཆར། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་འབྲོག་དམངས་ཚོས་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ཕུན་ཚོགས་སུ་སྤེལ་ཏེ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱེད་པའི་འདུ་ཤེས་མཐོ་རུ་བཏང་ཞིང༌། དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་བསྔོག་འདོན་བྱེད་པར་མཐུན་རྐྱེན་སྐྲུན་པ་མ་ཟད། མང་ཚོགས་ཀྱི་གུང་གསེང་འཚོ་བ་ཕུན་ཚོགས་སུ་གཏོང་བར་ཡར་སྐུལ་བྱས། 
             དུས་རབས་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སྤྱི་ཚོགས་ཀྱང་དེ་བསྟུན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་ཆོས་ཉིད་དུ་གྱུར་ཡོད་ལ། རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་རྙེད་པ་ནི་སྤྱི་འགྲོས་སུ་གྱུར་ཡོད་ནའང༌། རིག་གནས་ལ་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་ཞེས་རིགས་ཆེན་པོ་གཉིས་དགར་ཡོད་པ་ལས་ནང་གསེས་དུ་མ་མི་རིགས་སོ་སོའི་རིག་གནས་དང་ས་གནས་རིག་གནས་སོགས་བྱེ་བྲག་རིག་གནས་དུ་མ་འདུས།  དེང་སྐབས་དེང་རབས་རིག་གནས་ཀྱིས་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་བའི་ཛ་དྲག་གི་དུས་རབས་ནང་མི་རིགས་རིགས་གནས་དང་སྲོལ་རྒྱུན་རིག་གནས་བྱེ་བྲག་པ་ཞིག་ལ་དེང་རབས་རིག་གནས་ཀྱིས་ཤུགས་རྐྱེན་འོག  ཉམས་དམས་སུ་འགྲོ་བཞིན་ཡོད་པ་མཐོང་ཆོས་སུ་གྱུར་ཡོད། འོན་ཀྱང་རང་གི་རིག་གནས་མི་རིགས་རང་ཉིད་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མི་རིགས་རང་ཉིད་ཀྱི་ཕྲག་གི་འགན་འཁྲི་ཡིན་པ་ཏང་སྲིད་ཉི་འོད་ལས་རིས་མེད་དུ་བསྟན་ཡོད་ཕྱིར། མི་རིགས་རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་སུ་གཏོང་མིན་དེ་མི་རིགས་རང་ལ་རག་ལས་ཡོད་པ་རེད།  
             ཉེ་ཆར། ཐེམ་ཆེན་རྫོང་གིས་འབྲོག་པ་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་བཟང་བོའི་གོ་སྐབས་བརྩོན་ལེན་བྱས་ཏེ། དུས་ཚིགས་ལེགས་པོའི་ཁོར་ཡུག་འོག  རང་རེའི་བོད་མི་རིགས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་བོད་སྲོལ་ཡོ་བྱད་སྐོར་ཞིག་ངེས་པར་དུ་རྒྱུན་སྐྱོང་བྱེད་དགོས་པའི་བྱ་འགུལ་གྱ་ནོམ་པ་སྤེལ། 
             ཐེངས་འདིའི་བོད་སྲོལ་རྒྱུན་སྐྱོང་སྐོར་གྱི་བརྗོད་གཞི་གཙོ་བོའམ་ཡོ་བྱད་གཙོ་བོ་ནི་རང་རེའི་ཕ་མེས་ཡང་མེས་རིང་གི་ཁྱིམ་གཞི་དྲོན་མོ་སྟེ། སྦྲ་ནག་ཞེས་པ་དེ་ཡིན་ཞིང༌། སྐལ་བ་ཡར་ཐོག་གི་སྤྱི་ཚོགས་ནས་བཟུང་སྟེ་རང་རེའི་སྨུག་པོ་ལྡོང་གི་རྒྱུད་པ་ཞིག་ཡིན་ཕྱིར། དུས་རྒྱུན་གྱི་འཚོ་བ་ནི་རྟ་ནོར་ལུག་གསུམ་གྱི་རྗེས་སུ་རྩྭ་ཆུ་བསྙེགས་ཤིང༌། རྟ་མཆོག་གི་འཕང་བ་རུ་མཆོངས་བསྐྱོད་བྱེད་པའི་རང་རེའི་བོད་མི་རིགས་ལ་མཚོན་ན་འཚོ་བ་བབ་ཆགས་ཤིང༌། གཞུང་རྒྱུད་དྲང་ལ་ལས་ལ་བརྩོན་པ་དང༌། བྱམས་སེམས་ལྡན་པའི་རྟ་ཐོག་མི་རིགས་ཤིག་ཡིན་པས། ང་ཚོ་མི་རིགས་འདིའི་འཚོ་རྟེན་མཐའ་ཡས་རྩྭ་ཐང་དང་འཚོ་གཞི་སྦྲ་ཁྱིམ་སྨུག་པོ་ཡིན། 
             དུས་རབས་གསར་བའི་འཁོར་འགྲོའི་དང་བསྟུན་ནས་སྤྱི་ཚོགས་ལ་གནམ་ས་བླ་འོག་བརྗེ་འདྲའི་འཕོ་འགྱུར་བྱུང་ཞིང༌། དེང་རབས་ཡོ་བྱད་དང་འཕྲུལ་ཆས་ཅན་གྱི་ཡོ་བྱད་སོགས་ཀྱི་ཤན་ཤུགས་འོག   སྲོལ་རྒྱུན་གྱི་གོམས་གཤིས་དང་ཡོ་བྱད་མི་ཉུང་བ་ཞིག་རིམ་བཞིན་ཤོར་ཞིང་བོར་བཞིན་ཡོད་ལ། ལྷག་པར་དུ་སྡོད་ཁང་གི་སྒྲིག་འགོད་དང་འཛུགས་སྐྲུན་ཐད་ནས་བློ་ཡུལ་འདས་པའི་བཟོ་བཀོད་སྣ་ཚོགས་མཆིས་ཤིང༌། མི་སྡོད་ཁང་བའི་བཟོ་བཀོད་ཉིན་རེ་བཞིན་རྣམ་པ་གསར་བ་དང་འཛུགས་སྐྲུན་གཞི་ཁྱོན་ཅན་དུ་གྱུར་བ་ལ། ད་ལྟ་ཀུན་གྱི་མིག་ལམ་དུ་སྣང་བའི་ཁང་བརྩེགས་མཐོན་པོ་དགུང་ལ་ཟུག་ཅིང༌། བཟོ་བཀོད་རི་རྒྱལ་ལྷུན་པོའི་བརྟུལ་ཞུགས་འཛིན་པ་ལྟ་བུ་དག་གིས་སྲོལ་རྒྱུན་སྦྲ་ནག་གི་ཁྱིམ་གཞིས་རིམ་བཞིན་ཉམས་དམས་སུ་གཏོང་བའི་སྣང་ཚུལ་མཆིས། སྣང་ཚུལ་འདི་ལ་ཐེམ་ཆེན་རྫོང་གི་འབྲོག་མི་ཚོས་མཐོང་ཆེན་བྱས་ཏེ། དེང་གི་སྲིད་ཇུས་བཟང་བོའི་གོ་སྐབས་ཁྲོད་རང་རེའི་མེས་པོའི་རིག་གནས་རྒྱུན་སྐྱོང་བྱེད་རྒྱུ་དམ་འཛིན་བྱས་ཤིང༌།  མེས་པོའི་རིག་གནས་ཀྱི་ཁུངས་སྦྲ་ནག་བྱས་ཏེ་འབྲེལ་ཡོད་ཀྱི་བྱེ་བྲག་གྲུབ་ཆ་ཡོད་ཚད་མི་རབས་རྗེས་མ་དག་ལ་ངོ་སྤྲོད་དང་མཚམས་སྦྱོར་བྱེད་པའི་བྱ་འགུལ་སྤེལ།  བྱ་འགུལ་སྟེང་སྦྲ་ནག་ཐད་ཀྱི་ཤེས་བྱའི་འཇོན་ཐང་ལྡན་པའི་ཐེམ་ཆེན་རྫོང་གི་ས་གནས་སོ་སོའི་རྒན་རབས་པ་དག་དང༌། དགོན་སྡེ་ཁག་གི་བླ་གྲྭ  དེ་མིན་ད་དུང་རྫོང་འབྲེལ་ཡོད་ལས་ཁུངས་འགའི་བོད་རིགས་འགོ་ཁྲིད་པ་ཞུགས་ནས་བོད་སྲོལ་ཤེས་བྱའི་ཐད་ནས་བསམ་བློ་བརྗེ་རེས་བྱས་ཤིང༌། སྦྲ་ནག་རིག་གནས་འཛིན་སྐྱོང་སྤེལ་བྱེད་དགོས་པའི་ཐད་ནས་བགྲོ་གླེང་བྱས།
             ཐེམ་ཆེན་རྫོང་གི་བྱིས་པ་དང་དར་མ་མང་ཚོགས་ཆིག་སྟོང་ལྷག་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ལ་ཞུགས་པ་དང༌། ཐེངས་འདིའི་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་གོ་རིམ་ལ། ཐོག་མར་བསང་མཆོད་བྱེད་པ་དང༌། བསང་ལ་སྐོར་བ་རྒྱག་པ། སྦྲ་ནག་ནང་དུ་བཀྲ་ཤིས་གཡང་འབོད་བྱེད་པ། ཇ་མཆོད་པ། ཆོ་ག་འདོན་པ། རྒན་རབས་པ་དང་སྲིད་གཞུང་དུ་ཕྱག་ལས་གནང་བཞིན་པའི་འགོ་ཁྲིད་པས་ཕན་ཚུན་ལ་སྦྲ་ནག་སྐོར་དང་བོད་སྲོལ་རྒྱུན་སྐྱོང་བྱེད་དགོས་པའི་སྐོར་ནས་ཁ་བརྡ་བྱེད་པ་དང༌། ཞོར་དུ་བོད་སྲོལ་རྒྱུན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་བཤད་དེ་བྱ་འགུལ་རིམ་བཞིན་འགོ་བརྩམས་ཤིང༌། རྒན་རབས་པ་དག་གིས་རང་རང་གི་ལོ་རབས་སྐབས་ཀྱི་སྦྲ་ནག་ནང་གི་འཚོ་བ་དང་སྲོལ་རྒྱུན་སྐོར་ནས་བསམ་པའི་འཆར་སོ་བརྗོད་དེ་བྱིས་པ་རྣམས་ལ་ཁ་ཏ་བསླབ་བྱ་གནང༌། 
             རྒན་རབས་པ་ཚོས་སྦྲ་ནག་ཐད་ཀྱི་ཤེས་བྱ་དག་གསལ་དག་སྙན་གསུམ་གྱིས་རང་རང་གི་བསམ་ཕྱོགས་དང་ལྟ་སྟངས་བརྗོད་ཅིང༌། བོད་རང་གི་སྲོལ་རྒྱུན་འཚོ་བའི་ཁྲོད་ཀྱི་ལས་རིགས་སྣ་ཚོགས་ཏེ། ཐོག་མར་ཐག་འཐག་པ་དང་ཡོས་བརྔོ་བ། ལག་བསྐོར་རྩམ་པ་འཐག་པ། འོ་མ་དཀྲོག་པ་དང་མར་ལེན་པ། ཆུར་བ་བཙག་པ། ཁོལ་མོ་རྒྱག་པ་བཅས་ཀྱི་བྱ་འགུལ་རྣམས་འཕྲོ་རིམ་འཕྲོར་སྤེལ་ཏེ་སྲོལ་རྒྱུན་ཅ་ལག་ཡོ་བྱད་རྣམས་ཡུལ་དངོས་ནས་འགྲེལ་བཤད་བྱས་ཏེ་བྱིས་པ་རྣམས་ལ་མཚམས་སྦྱོར་བྱས།
             ཁོ་མོའི་མིང་ལ་གདུགས་དཀར་སྐྱིད་ཟེར་ཞིང༌། ཐེངས་འདིའི་བོད་སྲོལ་རྒྱུན་སྐྱོང་བྱ་འགུལ་ཁྲོད་ཀྱི་ཇུས་འགོད་མི་སྣ་གཙོ་བོ་ཡིན་ལ། བོད་ཀྱི་རིག་གནས་ལ་དུངས་ཞན་ཆེ་བའི་སྤྱིར་བཏང་གི་བོད་རིགས་འབྲོག་མི་བུད་མེད་ཕལ་བ་ཞིག་རེད། ཁོ་མོ་ཆུང་དུས་སུ་རྟ་ནོར་ལུག་གསུམ་གྱི་རྗེས་བསྙེགས་ཏེ་རྫི་མོ་ཞིག་གི་ལས་ལ་དུས་འདའ་བས། སློབ་གྲྭར་འགྲོ་བའི་སྐལ་བ་མ་ལྡན་ནའང༌། ཁོ་མོའི་རྒྱུད་ན་མངའ་བ་མཐའ་དག་སྲོལ་རྒྱུན་གྱི་བཞུར་རྒྱུན་དག་ཡིན་ལ། ངག་ན་བཟློ་བ་ཡོད་ཚད་ཕ་སྐད་ཀྱི་རང་མདངས་སྙན་མོ་དེ་ཡིན། 
            ཐེམ་ཆེན་རྫོང་གི་འབྲོག་དམངས་ཚོས་བོད་སྲོལ་རྒྱུན་སྐྱོང་གི་བྱ་འགུལ་སྤེལ་བ་འདིས་བོད་ཐུན་མོང་གི་སྲོལ་རྒྱུན་རིག་གནས་བསྔོག་འདོན་དང༌།  རྒྱུན་འཛིན།  དར་སྤེལ་གཏོང་བ་བཅས་ལ་ས་གནས་རང་བཞིན་གྱི་ནུས་བ་བཏོན་པ་མ་ཟད། ད་དུང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་འཚོལ་ཞིབ་བྱེད་པར་མཐུན་རྐྱེན་དང་སྟེགས་བུ་བསྐྲུན་ཡོད་པ་རེད། བྱ་འགུལ་སྐབས་སུ་སྲོལ་རྒྱུན་གྱི་ཡོ་བྱད་དག་ཇི་ལྟར་བཀོལ་སྤྱོད་བྱེད་པ་དང་དེ་རེ་རེའི་ཁྱད་ཆོས་དང་དགེ་མཚན་མཚམས་སྦྱོར་བྱས་པ་ལས་གཞན་ད་དུང་དམངས་གླུ་རྣལ་མ་བླངས་ཏེ་སྲོལ་རྒྱུན་གྱི་བྲོ་བ་དངོས་ལ་རོ་མྱོང་ཐེངས་ཤིག་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།