བདེ་ལྡན་གླིང་མི་རིགས་གླུ་གར་འཁྲབ་སྟོན་ལྟེ་གནས་ཀྱིས་དངོས་སུ་གཉེར་མགོ་བརྩམས།
མི་རིགས་རྒྱན་གོས་འཁྲབ་སྟོན།
“བདེ་ལྡན་གླིང”མི་རིགས་གླུ་གར་འཁྲབ་སྟོན་ལྟེ་གནས་དངོས་སུ་གཉེར་མགོ་བརྩམས་པའི་མཛད་སྒོ་དང“བདེ་ལྡན་གླིང”གིས་གནམ་ལོ་གསར་བ་བསུ་བའི་ཆེད་སྒྲིག་དགོང་ཚོགས་ལུགས་གསར་གྱི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་པའི་ཟླ་དང་པོའི་ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་སྟེང་ཟི་ལིང་ཏུང་ཧུའུ་མགྲོན་ཁང་ནས་བསྡུས། རེབ་དེའི་དགོང་ཚོགས་ལ་ཟི་ལིང་ས་ཁུལ་གཙོ་བྱས་རང་ཞིང་གི་ས་གནས་སོ་སོ་ནས་འོང་བའི་ལྟད་མོ་བ་བཞི་བརྒྱ་ལྷག་ཐོན་ཡོད་པར་མ་ཟད། གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ་དང་གླུ་མ་རིག་འཛིན་སྒྲོལ་མ། ཚེ་སྐྱིད་སོགས་ཀྱང་ཆེད་དུ་གདན་ཞུ་བྱས་ཡོད།
གདན་ཞུའི་གླུ་མ་རིག་འཛིན་སྒྲོལ་མ།
“བདེ་ལྡན་གླིང”གི་སྦྱིན་བདག་མ་སྒྲོལ་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོ་མོ་དང་གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ་གཉིས་ཀྱིས་མཉམ་གཉེར་གནང་བཞིན་པའི“བདེ་ལྡན་གླིང”མ་རྩ་སྒོར་མོ་ཁྲི་སུམ་བརྒྱ་ལྷག་གི་འཆར་གཞི་ནང་ལྟར་ཉམས་གསོ་བྱེད་བཞིན་པའི་སྒང་ཡིན་ལ། གླུ་གར་འཁྲབ་སྟོན་ལྟེ་གནས་འདིའི་སྔོན་ཆད་ཀྱི་ནང་མ་ཁང་གི་བདག་གཉེར་བྱེད་སྟངས་དང་ཐུན་མིན་གྱི་ཁྱད་ཆོས་ནི“བདེ་ལྡན་གླིང”གིས་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་གསེར་ལྟ་བུ་དག་སྔོག་འདོན་དང་དེ་འཕེལ་རྒྱས། རྒྱུན་འཛིན་བཅས་བྱ་རྒྱུ་དེ་ཡིན་པར། མཐའ་གཅིག་ཏུ་ཡོང་འབབ་རྐྱང་རྐྱང་འཚོལ་བའི་གླུ་གར་ཁང་ཞིག་ཏུ་གཉེར་གྱི་མིན་ཟེར། སྒྲོལ་མས་ད་རུང་བཤད་རྒྱུར། ཁོ་མོ་རང་ཉིད་ལ་མཚོན་ན་སྔོན་ཆད་གནས་སྐོར་ཀུང་སི་གཉེར་མཁན་ཞིག་ཡིན་པས་ཇི་ལྟར་བོད་མིའི་དམངས་ཁྲོད་རྐྱང་རྐྱང་གི་སྒྱུ་རྩལ་རིན་པོ་ཆེ་དེ་གོང་སྤེལ་གཏང་རྒྱུའི་ཕྱོགས་ལ་བསམ་བློ་དང་ཉམས་མྱོང་གཉིས་ཐད་ནས་ཧ་ཅང་ཁག་པས་ད་རེབ་གླུ་བ་བཀྲ་ཤིས་ཉི་མ་ལྷན་དུ་མཉམ་ལས་གནང་བ་ཡིན་ལ། རྗེས་ཕྱོགས“བདེ་ལྡན་གླིང”གླུ་གར་འཁྲབ་སྟོན་ལྟེ་གནས་ཀྱི་འཕེལ་རྒྱས་ཁ་ཕྱོགས་བོད་ཁམས་ཀྱི་དམངས་ཁྲོད་ལ་གཏད་ནས། སྐད་ངག་སོགས་གང་ཅིའི་ཐད་ལ་ཆ་རྐྱེན་འཛོམས་པོ་ཡོད་ཅིང་། འཚོ་བར་ཡང་དཀའ་ཁག་ཡོད་པའི་བོད་མང་ཚོགས་ཁྲོད་ཀྱི་སྒྱུ་རྩལ་གྱི་སྣ་གང་ལའང་ལྷན་སྐྱེས་ཀྱི་ནུས་པ་ངེས་ཅན་ཡོད་པའི་རྒན་དར་གཞོན་གསུམ་དག་བསྡུ་ལེན་བྱས་ནས། ཁོ་ཚོར་དེར་འབྲེལ་གྱི་སློབ་སྦྱོང་དང་ཟབ་སྦྱོང་སོགས་ཀྱི་ཁོར་ཡུག་དང་འཚོ་བའི་མཐུན་རྐྱེན་གྱི་འགྲོ་གྲོན་ཡོད་ཚད་བདེ་ལྡན་གླིང་རང་ངོས་ནས་སྤྲོད་རྒྱུ་ཡིན་ཟེར།
བདེ་ལྡན་གླིང་གི་སྦྱིན་བདག་བཀྲ་ཤིས་ཉི་མས་དགོང་ཚོགས་ལ་ཞུགས་པའི་ལྟད་མོ་བ་རྣམ་པར་ལོ་སར་གྱི་ལེགས་སྐྱེས་འབུལ་བཞིན་པ།
མཇུག་མཐར་སྦྱིན་བདག་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། ང་ཚོས་དུས་ནམ་ཡང་རང་ཉིད་ལམ་གང་ཞིག་ལ་ཞུགས་རན་པ་དང་ཅིས་ཀྱང་ཞུགས་དགོས་པའི་འདུ་ཤེས་དང་ཁ་ཕྱོགས་གསལ་བོ་བྱས་ཏེ“བདེ་ལྡན་གླིང”འདི་ཉིད་མཚོ་སྔོན་གྱི་བོད་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ལ་རྒྱུས་ལོན་དང་རོལ་མྱོང་གི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ཟེར།
སྤྲོ་སྐྱིད་དང་ལྷན་འཛོམས་ཀྱི་བདེ་ལྡན་གླིང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com