མཚོ་ལྷོ་ཁུལ་བོད་སྨན་ཁང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་གཟབ་རྒྱས་ངང་ཚོགས།
མཚོ་ལྷོ་ཁུལ་བོད་སྨན་ཁང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དགའ་སྟོན་ཚོགས་ར།
སྤྱི་ཟླ12པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་བོད་སྨན་ཁང་བཙུགས་ནས་ལོ་འཁོར་སུམ་བཅུ་ལོན་པའི་དགའ་སྟོན་བོད་སྨན་ཁང་དུ་གཟབ་རྒྱས་ངང་ཚོགས། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་ཡན་དང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྟག་འབུམ་རྒྱལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིས་ཐེན་ཞང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་ཀླུ་འབུམ་རྒྱལ། ཁུལ་དཔོན་གཞོན་པ་ཏུང་ཧྥུ་ཁའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ། ད་དུང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་། མགོ་ལོག ཡུལ་ཤུལ། རྨ་ལྷོ། མཚོ་བྱང་སོགས་ཁུལ་སོ་སོའི་བོད་སྨན་ཁང་གི་འགོ་ཁྲིད་དག་དགའ་སྟོན་ཚོགས་འདུར་ཞུགས། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་བོད་སྨན་ཁང་གིས་རྟེན་འབྲེལ་འཕྲིན་ཡིག་སྐུར་ནས་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་ལོ་འཁོར་སུམ་ཅུའི་སྐྱེས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།
མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འགོ་གཙོ་དབང་ཆེན་འབུམ་ལགས་ཀྱིས་ཤིས་ཚིག་གནང་བཞིན་པ།
མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འགོ་གཙོ་དབང་ཆེན་འབུམ་ལགས་ཀྱིས་ལོ་ངོ་སུམ་ཅུ་རིང་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས་འཕེལ་རྒྱས་ཡོང་བའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། གོང་རིམ་འགོ་ཁྲིད་རྣམ་པས་ཐུགས་ཁུར་ཟབ་མེད་གནང་བ་དང་རྒྱ་ཆེ་རོང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཞུས་པ་མ་ཟད། ད་དུང་སྔར་བཞིན་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་མཚར་སྡུག་འོད་སྟོང་འབར་བའི་མ་འོངས་པ་ཞིག་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་བཏོན།
མཚོ་ལྷོ་ཁུལ་འཕྲོད་བསྟེན་ཅུའི་ཅུའུ་ཀྲང་ཀྲང་ཧྲིན་པེའོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་ལྷོ་ཁུལ་འཕྲོད་བསྟེན་ཅུའི་ཅུའུ་ཀྲང་ཀྲང་ཧྲིན་པེའོ་ཡིས་དགའ་སྟོན་སྟེང་གཏམ་བཤད་གནང་ཞིང་། ཁོང་གིས་མཚོ་ལྷོ་ཁུལ་བོད་སྨན་ཁང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག བོད་སྨན་ཁང་གིས་མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཁྲོད་བཟུང་བའི་གོ་གནས་དང་ལོ་སུམ་ཅུ་རིང་གི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།
ཁུལ་དཔོན་གཞོན་པ་ཏུང་ཧྥུ་ཁའེ་ལགས་ཀྱིས་ཨ་ཁུ་ཉི་མ་ལགས་ལ་མཚན་འཛིན་ཡོན་ཀྲང་གི་དཔང་ཡིག་གནང་བཞིན་པ།
དགའ་སྟོན་སྟེང་། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཏུང་ཧྥུ་ཁའེ་ཡིས་ཞིང་ཆེན་རིམ་པའི་ཆེད་མཁས་སྨན་པ་ཨ་ཁུ་ཉི་མ་ལགས་ལ་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་གི་དཔང་ཡིག་གནང་།
འགོ་ཁྲིད་རྣམ་པས་བོད་སྨན་ཁང་ལ་གཟིགས་སྐོར་གནང་བཞིན་པ།
འབྲེལ་ཡོད་འགོ་ཁྲིད་དག་བོད་སྨན་ཁང་གི་སྒོ་བསྟེན་ཚན་ཁག་དང་། མོ་ནད་ཚན་ཁག དཔྱད་བཅོས་ཚན་ཁག སྨན་སྦྱོར་ཚན་ཁག སྨན་ལུམས་ཚན་ཁག་སོགས་ལ་གཟིགས་སྐོར་གནང་།
འགོ་ཁྲིད་རྣམ་པས་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་ལ་གཟིགས་སྐོར་གནང་བཞིན་པ།
ལོ་ངོ་སུམ་ཅུ་རིང་གི་དཀའ་སྤྱད་འབད་བརྩོན་འོག མཚོ་ལྷོ་ཁུལ་བོད་སྨན་ཁང་ནི་མེད་པ་ནས་ཡོད་པ་དང་། གཞི་རྒྱ་ཆུང་བ་ནས་ཆེ་བའི་བགྲོད་ལམ་བརྒྱུད་ནས། ད་ལྟ་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་སྦྱོར་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་གྱུར་ཡོད་ཅིང་། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཆེད་ལས་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་། བོད་སྨན་ཐོན་སྐྱེད་ལྟེ་གནས། བོད་ལུགས་གསོ་རིག་མི་སྣ་གསོ་སྐྱོང་དང་དངོས་སྦྱོང་བྱེད་སའི་གཞི་རྩ་རུ་གྱུར་པའི་སྨན་ཁང་ཞིག་ཡིན་པ་མ་ཟད། ཁུལ་ཡོངས་ཀྱི་རྫོང་ལྔའི་སྨན་བཅོས་ཉེན་སྲུང་གི་དཀྱིལ་སྙིང་སྨན་ཁང་ཡང་ཡིན། དེ་བས་མཚན་སྙན་གྱི་བ་དན་གོང་ནས་གོང་དུ་འཕེལ་ནས་ས་གནས་སོ་སོའི་རྒྱ་ཆེ་མང་ཚོགས་ནད་རིགས་ཀྱི་སྡུག་བསྔལ་ལས་ཐར་སའི་སྨན་ཁང་མཆོག་གྱུར་ཞིག་ཏུ་འགྱུར་མུས་རེད།
བོད་སྨན་ཁང་གི་ལས་བྱེད་མི་སྣས་འགོ་ཁྲིད་རྣམས་དང་མཉམ་དུ་པར་བསྐྱོན་པ།
བོད་སྨན་ཁང་གི་ལས་བྱེད་མི་སྣས་སྨན་བཅོས་ནད་གསོ་ཡི་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མཚོ་ལྷོ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བར་ནུས་པ་མི་དམན་པ་ཞིག་བཞག་པ་མ་ཟད། དགའ་སྟོན་ཁྲོད་བོད་དམངས་ཁྲོད་ཀྱི་རྡུང་ལེན་དང་། ཨ་རྩེད་སོགས་ཀུན་གྱི་ཡིད་དབང་འགུགས་པའི་རིག་རྩལ་འཁྲབ་སྟོན་ཡང་ཡག་པོ་ཞིག་ཚོགས་ཞུགས་ཡོངས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་བཅུད་དུ་ཕུལ་བ་རེད།
རིག་རྩལ་འཁྲབ་སྟོན།
བོད་སྨན་ཁང་གི་ལས་བྱེད་མི་སྣས་རྡུང་ལེན་དཀྲོལ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com