ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།ཡུས་ཧྲུའུ་ལ་ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ་བཅུ་ལོན་པར་བྲིས་པ།
༄༅།།ཡུས་ཧྲུའུ་ལ་ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ་བཅུ་ལོན་པར་བྲིས་པ།
རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།
ཡོང་ཁུངས།:འོད་ཟེར་ཚགས་པར།
དུས་ཚོད།:2020-04-17 10:57:22
ཀློག་གྲངས།:
ལྗང་མདོག་དང་བདེ་སྐྱིད། འཆམ་མཐུན་གྱི་མཁར་གྲོང་གསར་པ།
—— ཡུས་ཧྲུའུ་ལ་ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ་བཅུ་ལོན་པར་བྲིས་པ།
ཟླ4བའི་ཚེས14ཉིན། ཡུས་ཧྲུའུ་གྲོང་ཁྱེར་གྱི་དྲིན་ཚོར་ཐང་ཆེན་དུ་ཡུས་ཧྲུའུ4.14ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་བསྡུས་ཤིང་། རྗེས་དྲན་བྱ་འགུལ་ཁྲོད་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིས་འདས་པོ་རྣམས་ལ་མེ་ཏོག་གི་ཕྲེང་བ་ཕུལ་ཏེ་ཡུས་ཧྲུའུ་ས་འགུལ་དང་གནོད་སེལ་རྒུད་སྐྱོབ། གནོད་ཤུལ་བསྐྱར་སྐྲུན་ཁྲོད་རྐྱེན་ལམ་དུ་ཤོར་བ་དག་ལ་སེམས་གཏིང་ནས་དྲན་གསོ་ཞུས། ཐེངས་དེའི་ཚད་རིམ7.1ཅན་གྱི་ས་འགུལ་ཁྲོད། བསྡོམས་པས་མི2698རྐྱེན་ལམ་དུ་ཤོར་བ་དང་མི270གར་སོང་ཆ་མེད་དུ་གྱུར་ལ། གནོད་ཐེབས་མང་ཚོགས་མི་ཁྲི24.68ལ་སླེབས་ཤིང་ཐད་ཀར་གྱི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར610ལ་སོན་པ་རེད།—— ཡུས་ཧྲུའུ་ལ་ཡོམ་འགོག་རྒུད་སྐྱོབ་བྱས་ནས་ལོ་ངོ་བཅུ་ལོན་པར་བྲིས་པ།
ལོ་ངོ10ཡི་རྗེས་སུ། ཡུས་ཧྲུའུ་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་དང་རྨང་གཞི་སྒྲིག་ཆས་ཇེ་ལེགས། ཐོན་ལས་སྒྲིག་གཞི་ལེགས་བཅོས། སྤྱི་ཚོགས་ལས་དོན་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བཅས་བྱུང་བས་དེ་སྔོན་གྱི་སྐྱོ་ཉམས་དེ་ད་ལྟ་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་དེ་དབུལ་པོ་ནས་འབྱོར་འབྲིང་གི་ཕྱོགས་སུ་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། ལྗང་མདོག་དང་བདེ་སྐྱིད། འཆམ་མཐུན་བཅས་ཀྱི་མཁར་གྲོང་གསར་པ་ཞིག་གངས་རིའི་ལྗོངས་ནས་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བསྟར་ཐུབ་པ་བྱུང་།
ལོ་ངོ10འགོར་ཡང་ཡུས་ཧྲུའུ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

2010ལོའི་ཟླ4པའི་ཚེས14ཉིན་ཡུས་ཧྲུའུ་ལ་ས་འགུལ་ཆེན་མོ་བྱུང་རྗེས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་འཕྲལ་མ་ཉིད་དུ་གནོད་ཁུལ་དུ་རྟོག་ཞིབ་འཛུབ་སྟོན་དུ་ཕེབས་པ་དང་། འཕྲལ་མ་ཉིད་དུ་ཉེན་སེལ་གེགས་སེལ་བཀོད་སྒྲིག་བྱས་པ། འཕྲལ་མ་ཉིད་དུ་རོགས་སྐྱོབ་མི་སྣ་བསྡུ་རུབ་བྱས་པ། འཕྲལ་མ་ཉིད་དུ་གེགས་སེལ་དངོས་ཟོག་བརྒྱུད་འདྲེན་བྱས་པ་རེད། “ཉེན་སྐྱོབ་ཆེས་ལེགས་པོའི”ཆུ་ཚོད72ནང་དཀའ་ངལ་འཕྲད་ཡོད་པའི་མི6870ལ་རོགས་སྐྱོབ་ཐོབ་པ་དང་ཉེན་ཡོད་རྨས་མ2000ཙམ་གྲོང་ཁྱེར་ཆེ་འབྲིང་དུ་སྨན་བཅོས་བྱེད་པར་བསྐྱལ། ས་འགུལ་བྱུང་ནས་ཉིན5ཡི་རྗེས་སུ་ཕྱོགས་ཡོངས་ནས་དོས་དྲག་རང་བཞིན་གྱི་ཆུ་དང་གློག ལམ། འཕྲིན་ལམ་བཅས་སླར་གསོ་བྱུང་བ་མ་ཟད་ཁུལ་མི་རིགས་སློབ་འབྲིང་དང་པོའི་སློབ་ཁྲིད་སླར་གསོ་བྱེད་ཐུབ་པ་བྱུང་བས་མཐོ་སྒང་གྲང་འཁྱགས་ས་ཁུལ་ནས་ཡོམ་འགོག་གེགས་སེལ་གྱི“ཀྲུང་གོའི་མྱུར་ཚད”ཅིག་གསར་དུ་བཏོད།
ཟླ་བ་གཉིས་ལྷག་གི་རྗེས་སུ། ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་པེ་ཅིང་དང་། ལེའོ་ཉིང་། ཀྲུང་གོའི་བཟོ་སྐྲུན། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན། ཀྲུང་གོ་ཀྲུང་ལྕགས་བཟོ་སྐྲུན། ཀྲུང་གོ་གློག་ཤུགས་བཟོ་སྐྲུན། དེ་མིན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི་རོགས་སྐྲུན་ལས་བཟོ་བ་མི་ཁྲི10ཙམ་གནོད་ཁུལ་གྱི་འཛུགས་སྐྲུན་ཡུལ་དངོས292ལ་བསྐྱོད་དེ་ཉིན་ཆིག་སྟོང་ལྷག་ཙམ་ལ་འབད་འཐབ་བྱས་པ་བརྒྱུད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར447.54བཏང་བའི་བསྐྱར་སྐྲུན་རྣམ་གྲངས1248ལེགས་གྲུབ་བྱུང་བ་མ་ཟད། “ལོ་གསུམ་རིང་གི་འབད་འཐབ་ལས་ལོ་ཉི་ཤུའི་མཆོང་སྐྱོད་འབྱུང་བའི”དམིགས་ཚད་མངོན་འགྱུར་བྱུང་སྟེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ས་བབ་ཆེས་མཐོ་ཤོས་དང་། དཀའ་ཚེགས་ཆེས་ཆེ་ཤོས། ཆ་རྐྱེན་ཆེས་ཞན་ཤོས་ཀྱི“ཀྲུང་གོའི་ངོ་མཚར”བསྐྲུན་པ་རེད།
“ཆ་སྙོམས་ས་བབ་མཐོ་ཚད་སྨི4000ལས་བརྒལ་ཞིང་ལོ་གཅིག་ལ་ཨར་ལས་བྱེད་ཆོག་པའི་དུས་ཚོད་ཟླ་བ་ལྔ་ལྷག་ཙམ་ལས་མེད་པའི་ཁར་ཨར་ལས་རྒྱུ་ཆ་དང་འཚོ་བའི་དངོས་རྫས་སོགས་ཐག་རིང་ནས་སྐྱེལ་འདྲེན་མཁོ་འདོན་བྱེད་དགོས་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྐྱེ་ཁམས་ཉམས་ཞན་དང་ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་ཧ་ཅང་ཆེ་བ་རེད”། མཚོ་སྔོན་ནུབ་རྒྱུད་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་གནོད་ཤུལ་བསྐྱར་སྐྲུན་ནང་ཞུགས་པའི་མྱོང་བར་ཕྱིར་དྲན་བྱས་ཤིང་། ལོ་གསུམ་གྱི་རོགས་སྐྲུན་དུས་ཡུན་ནང་རོགས་སྐྲུན་ལས་བཟོ་བ་མི་ཁྲི10ཡིས་ཡུས་ཧྲུའུ་རུ་སྔར་འཕྲད་མ་མྱོང་བའི་ཉམས་སད་དང་དཀའ་ཚེགས་ལས་རྣམ་པར་རྒྱལ། “དེ་རིང་ཕྱིར་འདང་རེ་བརྒྱབ་ཚེ་ཡོད་ཚད་དོན་སྙིང་ལྡན་ལ་གླེང་རིན་ཡོད་པ་ཞིག་རེད”ཅེས་བརྗོད་བྱུང་།
རོགས་སྐྲུན་དཔུང་ཁག་ཁ་ཤས་ཡུས་ཧྲུའུ་རུ་འབྱོར་རྗེས་ད་རག་བར་གཏན་དུ་བྲལ་མ་མྱོང་བ་རེད། པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྐོར་ཁག་བཞི་པའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཡོན་ཧའོ་ཙུང་གིས་གནོད་ཤུལ་བསྐྱར་སྐྲུན་སྐབས་པེ་ཅིང་གྲོང་ཁྱེར་གྱིས་འཇོན་མི3000ལྷག་སྐོང་འཐེན་བྱས་པ་དག་གིས་ཆ་རྐྱེན་ལ་དོ་སྣང་མི་བྱེད་པ་དང་། མ་གནས་ལ་བསམ་བློ་མི་གཏོང་བ། འགན་འཁྲི་ལྗིད་མོ་དང་དུ་བླངས་ནས་ལས་གཞི་ཆེ་གྲས་རིགས6གི་རྣམ་གྲངས120ཁྲོད་ཞུགས་ནས་སྤུས་ཚད་དམིགས་འབེན་ལྟར་ལེགས་སྒྲུབ་བྱུང་ཡོད་ཅེས་བཤད། ལོ་ངོ10ཡི་རིང་པེ་ཅིང་གྲོང་ཁྱེར་གྱིས་སྔ་རྗེས་སུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྐོར་ཁག་བཞི་དང་རོགས་སྐྱོར་ན་གཞོན་ལས་བྱེད་པ176མངགས་གཏོང་བྱས་པ་མ་ཟད། ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར26.6བཏང་སྟེ་རོགས་སྐྲུན་རྣམ་གྲངས319ལག་བསྟར་དངོས་འབེབ་བྱས་པས་ཡུས་ཧྲུའུ་ཡི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐོན་པ་དང་། ལོ་ངོ10ཡི་ཕྱོགས་སོ་སོའི་རྒྱུན་ཆད་མེད་པའི་མཉམ་ལས་ཁྲོད“པེ་ཅིང་དང་ཡུས་ཧྲུའུ་ཡི་མཉམ་ལས”དེ་འོ་ཆུ་བཞིན་དུ་གྱུར།
“རླབས་ཆེ་བའི་ཏང་དང་མེས་རྒྱལ། རྒྱལ་ཡོངས་མི་དམངས་བཅས་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་མི་སྲིད་ལ། ཁོང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ཁྱིམ་གཞི་གསར་པ་འཛུགས་སྐྲུན་བྱས་པ་དེ་ང་ཚོ་ཡུས་ཧྲུའུ་མི་དམངས་ཀྱིས་རྡོ་ལ་རི་མོ་བརྐོས་པ་ལྟར་ཡིད་ལ་བརྟན་པོར་བཅིངས་ཡོད། ” ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་ཚེ་རིང་ཐར་གྱིས་དེ་ལྟར་བཤད།
ཟླ4པའི་ཚེས13ཉིན། སྟག་སྡེར་རི་བོའི་ལྗོངས་གཟིགས་སྟེགས་བུའི་ཐོག་འཛེགས་པ་ན་གྲོང་ཁྱེར་གྱི་མཛེས་ལྗོངས་ཡོངས་མཐོང་ཐུབ་སྟེ། དཔལ་ཆུ་དང་བྱ་ཆུ་དྭངས་མོའི་བསྣོལ་མཚམས་སུ་མཛེས་སྡུག་ལྡན་པའི་སྡོད་ཁང་དང་། ཚད་རིམ་མཐོ་བའི་སློབ་གྲྭ་དང་སྨན་ཁང་རེ་རེ་འགྱིང་ངེར་ལངས་འདུག་ལ། ཕྲེང་ལྟར་སྒྲིག་པའི་ཚོང་ལས་ཁྲོམ་གཞུང་དང་བརྗིད་ཉམས་ལྡན་པའི་གེ་སར་ཐང་ཆེན་དུ་མི་ཚོགས་ཀྱི་རྦ་རླབས་འཕྱུར་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་གྱི་ཁྲོམ་གཞུང་ནི་པ་ཏྲའི་རི་མོ་ལྟར་བསྣོལ་མར་འཐེན་ཡོད་ལ་རླངས་འཁོར་མང་པོ་འདུར་རྒྱུགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པས། སྔོན་ཆད་ཀྱི་རྗེས་ཤུལ་ནི་ཡེ་ནས་མཐོང་དཀའ་བའི་ཚོད་དུ་སྣང་།
“ས་འགུལ་བྱུང་རྗེས་ཀྱི་ལོ་ངོ10ཡི་རིང་། ང་ཚོའི་གྲོང་ཁྱེར་གྱི་རྣམ་པ་ལ་ལོ30ཡི་ཐོལ་བརྒལ་བྱུང་ཡོད” ཡུས་ཧྲུའུ་ཁུལ་རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡི་སྒྲོག་འགྲེལ་པས། གྲོང་ཁུལ་གྱི་རྒྱ་ཁྱོན་དེ་སྔོན་གྱི་སྤྱི་ལེ་གྲུ་བཞི་མ9.7ནས་ད་ལྟའི་སྤྱི་ལེ་གྲུ་བཞི་མ14.26བར་རྒྱ་བསྐྱེད་བྱུང་ཞིང་། “ཆག་པ་གཅིག(སྲིད་གཞུང་གི་གཞུང་ལས་ས་ཆ)དང་འཕར་བ་བརྒྱད(ལྗང་བསྒྱུར་ས་ཆ་དང་སྤྱི་པའི་ས་ཆ་སོགས)ཀྱི་འཆར་འགོད་ཇུས་འགོད་བྱས་པ་བརྒྱུད་གྲོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་བརྗོད།
རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་པ། དཔལ་ཐང་གནམ་གྲུ་འབབ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ10ལྷག་སོང་བའི་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱལ་ཡོངས་ཀྱི་ཡན་ལག་གནམ་གྲུ་འབབ་ཐང་གི་མདུན་གྲལ་དུ་སླེབས་ཤིང་ད་ལོར་ཕྱོགས་ཡོངས་ནས་རྒྱས་སྐྲུན་བྱེད་འགོ་ཚུགས་ཡོད། ཡུས་ཧྲུའུ་ནས་ཟི་ལིང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྣུམ་ནག་གི་གཞུང་ལམ་གང་སར་ཁྱབ་པ་དང་། ཤང་གྲོང་དང་སྲིད་འཛིན་སྡེ་བར་གཞུང་ལམ་ཤར་གཏོང་བྱེད་ཚད100%ཟིན་ལ། གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ235བསྐྲུན་ཡོད། ཡུས་ཧྲུའུ་གློག་དྲ་དང་མཚོ་སྔོན་གློག་འདོན་གྱི་གློག་དྲ་གཙོ་བོ་དྲ་སྦྲེལ་བྱེད་ཐུབ་པ་བྱུང་བ་སོགས་ཀྱི་བཟོ་འགོད་ལེགས་གྲུབ་བྱུང་བས་ཡུས་ཧྲུའུ་གློག་དྲའི་སྟོང་ཧྥུའུ35ཡི་གློག་ཤུགས་ཁེར་རྐྱང་དྲ་བ་ནས་ཆན་ཧྥུའུ330ཡི་དེང་རབས་ཅན་གྱི་གློག་དྲར་བསྒྱུར་བ་དེ་ཡུས་ཧྲུའུ་ཁུལ་གྱི་ཤང་གྲོང46དང་སྲིད་འཛིན་སྡེ་བ155ལ་ཁྱབ་པར་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ། ཁུལ་ཡོངས་ནས“ལྗང་མདོག་ལ་དྲིན་གཟོ་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ཏུ་བསྟར་ནས་མིག་ལ་གཅེས་སྤྲས་བྱེད་པ་ནང་བཞིན“རྨ་འབྲི་རྫ་གསུམ་འབྱུང་ཡུལ”ལ་སྲུང་སྐྱོབ་བྱས་ཤིང་། 2010ལོ་ནས་2019ལོ་བར་ནགས་ཚལ་ཁྱབ་ཚད3.2%ནས3.97%ལ་ཇེ་ཆེར་སོང་བ་མ་ཟད། ཐང་རྒོད་དང་ས་ནག་གྲམ་ཐང་ལ་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་མུའུ་ཁྲི464.73ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི16.7%ཟིན་ལ། དེའི་ཁྲོད་མི་ཁྲི3.15ཡིས་ལྗང་མདོག་སྐྱེ་ཁམས་ཀྱི་ལས་ཀ་རེག་ཐུབ་པ་བྱུང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
དབུལ་ཐར་འགག་སྒྲོལ་ཐད་གྲུབ་འབྲས་ཐོབ་པ། ཡུས་ཧྲུའུ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ཁྱིམ་ཚང་ཅུང་མང་ལ་དབུལ་ཕོངས་ཁྱབ་ཚད་ཅུང་ཆེ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཡུས་ཧྲུའུ་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་བྱ་ཆེད2015ལོའི་དབུལ་བོ་བྱུང་ཚད34%ནས2019ལོའི3%ནང་ཚུན་དུ་མར་ཆགས་སུ་བཅུག་ལ། ཆ་སྙོམས་ཀྱི་དབུལ་བོའི་ཡོང་སྒོ2015ལོའི་སྒོར2970ནས2019ལོའི་སྒོར5200ཡན་ལ་འཕར་རུ་བཅུག་པ་རེད། མིག་སྔར་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་གཉིས་དབུལ་ནག་རྫོང་གི་གྲས་ནས་ཕྱིར་འཐེན་བྱས་པ་དང་དེ་བྱིངས་ཀྱི་རྫོང་བཞི་ཡང་དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད་པས་ཡུས་ཧྲུའུ་ཁུལ་ལ་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མེད་པའི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་པ་བྱུང་སྟེ་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་བྱས་ནས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་། ཐོབ་སྣང་བཅས་ཆེ་རུ་གཏོང་རྒྱུ་རེད།
“ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་སྐྲུན་ནི་དམག་འཐབ་ཅིག་ཡིན་པར་ཆ་བཞག་ན། ཡུས་ཧྲུའུ་གསར་པ་བརྟན་བརླིང་དང་དོ་དམ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ་ནི་ལས་བྱེད་པར་ཚོད་བགམ་བྱེད་པའི་དམག་འཐབ་ཅིག་ཡིན།”ཡུས་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་རྒྱལ་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ཀྱིས་ལོ་ངོ10ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཐེངས་འདིའི་གཡུལ་འགྱེད་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། འདིས་དེ་སྔོན་གྱི་ས་འགུལ་དང་གནོད་སེལ་རྒུད་སྐྱོབ། གནོད་ཤུལ་བསྐྱར་སྐྲུན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་ལྷག་བསམ་རྣམ་དག་གིས་དྲིན་གཟོ་ཞིག་ཞུས་ཡོད་ལ། ཡུས་ཧྲུའུ་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཡོངས་མི་དམངས་ལ་བློ་ཡིད་ཚིམ་པའི་ལེགས་སྐྱེས་ཤིག་ཕུལ་ཡོད་ཅེས་བརྗོད་ཆོག་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྗེས་དྲན་ཚོགས་ཆེན་སྟེང་བཤད་རྒྱུར།“ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ས་ངོས་ཀྱི་མཐོ་ཚད་ཆེས་མཐོ་ཞིང་དཀའ་ཚེགས་ཆེས་ཆེ་བ། ཆ་རྐྱེན་ཆེས་ཞན་པའི་གནོད་ཤུལ་བསྐྱར་སྐྲུན་གྱི་ལས་དོན་ཡོངས་འགྲུབ་བྱས། བསྐྱར་སྐྲུན་བྱ་བས་ང་ཚོར་འབད་འབུངས་ཡར་བརྩོན་གྱི་གྲུབ་འབྲས་དང་བརྩེ་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཚོར་དུ་བཅུག་ལ། ཀྲུང་ཧྭ་མི་རིགས་དཀའ་ངལ་ལ་འཕྲད་དུས་དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཡུས་ཧྲུའུ་གནོད་སྐྱོབ་ཀྱི་སྙིང་སྟོབས་ཚོར་དུ་བཅུག འདི་ནི་ང་ཚོ་དུས་རབས་གསར་བར་བསྐྱོད་པའི་ཆེས་རིན་ཐང་བྲལ་བའི་གཅེས་ནོར་ཡིན།
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་དྲན་གསོ་ཁང་དུ་ཡོམ་འགོག་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་སྐྲུན་ཁྲོད་ཚེ་ལས་འདས་པའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རེ་རེས་ཡུས་ཧྲུའུ་པར་མདུན་སྐྱོད་ཀྱི་བློ་སྤོབས་བསྩལ་ཡོད་པ་སྟེ། ནད་གཞི་ཇེ་ལྗིད་དུ་སོང་ཡང་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོ་རུ་ཉིན་མཚན་དབྱེར་མེད་སྒོས་བརྟན་སྲུང་བྱས་མཐར་ཚེ་ལས་འདས་པའི་ཧན་ཧུའེ་དབྱིང་དང་། ནུས་ཤུགས་ཡོད་རྒུས་སྨན་ཁང་གསར་པ་འཛུགས་སྐྲུན་བྱེད་པའི་ལས་ལ་གཞོལ་མཁན་ཏེ་སྨན་ཁང་གསར་སྐྲུན་བྱས་ཚར་རྗེས་རང་ཉིད་གཏན་དུ་ཡར་ལངས་རྒྱུ་མ་བྱུང་བའི་ཚེ་རིང་བཟང་པོ། གཉེན་སྒྲིག་བྱས་ནས་ཟླ་བ་གཉིས་ཀྱང་མ་སོང་བར་རླངས་འཁོར་བཏང་ནས་བྱིས་པ་ཚོར་ཞལ་འདེབས་དངོས་པོ་བསྐྱེལ་པར་སོང་ནས་རྐྱེན་ལམ་དུ་ཤོར་བའི་བག་གསར་ལི་ཁྲེང་ཧོན། རང་ཉིད་ཉེན་ཁ་ལས་ཐར་ཡང་ཕྱིར་བྱིས་པ་རྣམས་མྱུར་སྐྱོབ་བྱེད་པར་བརྩོན་དུས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ཤང་ཀང་གི་དང་བླངས་པ་ཨ་ཧྥུའུ་སོགས་དཔའ་བོ་རེ་རེ་ནི་མིག་ལམ་དུ་གསལ་ལེར་མངོན་ཡོང་།

ཉེ་བའི་ལོ་འགའི་ནང་། ཚེ་དབང་དང་སྡེ་བའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་སྒོས་སྡེ་བའི་དཔལ་འབྱོར་གོང་སྤེལ་གཏོང་ཅི་ཐུབ་བྱས་ཤིང་། ཁོང་ཚོའི་སྣེ་ཁྲིད་འོག་སྡེ་བའི་ནང་འབྲོག་རའི་མཉམ་ལས་ཁང་སླར་གསོ་བྱས་ཏེ་ནས་ཕྱེ་ཐོན་སྐྱེད་བཟོ་གྲྭ་དང་། ཕྱོགས་བསྡུས་བྱེ་རྡོ་བཟོ་གྲྭ སོ་ཕག་བཟོ་གྲྭ་བཅས་བཙུགས་ནས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་གོང་འཕེལ་བྱུང་སྟེ་སྡེ་མི་རྣམས་ཁང་པ་གསར་པའི་ནང་སྤོས་པ་མ་ཟད། སྒོ་འགྲམ་གྱི་བཟོ་གྲྭ་ནས་གླ་རྒྱག་ཐུབ་པ་བྱུང་ཞིང་འཚོ་བ་གསར་པར་རེ་བས་ཁེངས། “ང་ཚོས་དྲིན་ཆེན་ལ་དྲིན་དྲན་པ་དང་འཚོ་བར་འབད་འབུངས་ཡར་བརྩོན་བྱས་ཚེ་ད་གཟོད་རྐྱེན་ལམ་དུ་ཤོར་བའི་གཉེན་ཉེ་དག་ལ་ངོ་གནོང་མི་དགོས་པ་རེད”ཅེས་ཚེ་དབང་གིས་དེ་ལྟར་བཤད།
ས་ཡོམ་ཁྲོད་བྱིས་པའི་སྲོག་སྐྱོབ་ཆེད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་ཤང་ཀང་གི་དང་བླངས་པ་ཨ་ཧྥུའུ་ཡི་གནས་ཚུལ་དངོས་མཐོང་མཁན་གྱི་བོད་རིགས་གཞོན་ནུ་དཀོན་མཆོག་སྨོན་ལམ་གྱིས་ས་ཡོམ་བརྒྱབ་རྗེས་ནང་ཆེན་རྫོང་དུ་ལོག་ནས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི500ལྷག་གྲབས་གསོག་བྱས་ཏེ་ནང་ཆེན་རྫོང་དུ་ཚུལ་ཁྲིམས་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཙུགས་ཤིང་། བྱིས་པ200ལྷག་ལ་སློབ་ཡོན་སྐར་གང་ཡང་མི་ལེན་པར་སློབ་སྦྱོང་བྱེད་སའི་ཁོར་ཡུག་བསྐྲུན་གང་ཐུབ་བྱས། ཁོང་གིས“ས་ཡོམ་ལས་ཚེ་སྲོག་ལ་སྔར་ལས་གཅེས་སྤྲས་བྱེད་དགོས་པའི་ངེས་ཤེས་རྙེད་ལ། ཚད་ཡོད་ཀྱི་དུས་ཡུན་ནང་མི་ཚེ་ལ་དོན་སྙིང་ལྡན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུ་ཡིན”ཞེས་བཤད།
རྒྱལ་ཡོངས་ཀྱི་གོང་འོག་ཚང་མར་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་སྐབས་ཡུས་ཧྲུའུ་ཡི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་འགུལ་ངང་ཧུའུ་པེ་དང་ཝུའུ་ཧན་དུ་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་རུ་འབད་བཞིན་པའི་མི་སྣར་མ་དངུལ་དང་དངོས་ཟོག་གི་ཞལ་འདེབས་ཕུལ་བ་ལས་གཞན་མ་རྩ་སྒོར་ཁྲི500ལྷག་གི་དབྱར་རྩྭ་དགུན་འབུ་ཞལ་འདེབས་བརྒྱབ་པ་རེད། ཁོང་ཚོས“ཡུས་ཧྲུའུ་རུ་ས་ཡོམ་རྒྱག་སྐབས་རྒྱལ་ཡོངས་མི་དམངས་ཀྱིས་ང་ཚོར་རོགས་སྐྱོབ་བྱས་པ་རེད། ད་སྐབས་ང་ཚོ་ཕྱུག་པོ་ཆགས་མེད་མོད་ང་ཚོས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཤད།
མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།