༄༅།།2020ལོའི་གེ་སར་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཁྲི་ཀ་རུ་བསྡུས།

རྩོམ་པ་པོ།:རིག་ལྡན་རྒྱ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2020-08-12 09:42:52 ཀློག་གྲངས།:
སྤྱི་ཟླ8པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་ཁྲི་ཀ་རྫོང་དུ2020ལོའི་མཚོ་སྔོན་ཞིང་ཆེན་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་དང་། མགོ་ལོག་དང་མཚོ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར། རྨ་ལྷོ་སོགས་ས་གནས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གེ་སར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་གེ་སར་གྱི་དམངས་ཁྲོད་སྒྲུང་བ། གསར་དུ་རྙེད་པའི་གེ་སར་དམངས་ཁྲོད་སྒྲུང་བ་དང་འབྲེལ་ཡོད་ལས་གཞི་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་མི་སྣ500ལྷག་གསོ་སྦྱོང་ཁྲོད་ཞུགས། 
གསོ་སྦྱོང་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གེ་སར་སྒྲུང་གི་ཐད་ནས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ཤུལ་བཞག་ཁྲིམས་སྲོལ། གཟུགས་འདས་ཤེས་བྱ་སློབ་ཁྲིད་གནང་བ་དང་། དེ་མིན་ཀརྨ་མཁའ་འབུམ་དང་། བཀྲ་བྷོ། པད་མ་རྡོ་རྗེ་སོགས་ཆེད་མཁས་པས་མཚོ་སྔོན་གྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཀྱི་གནས་བབ་དང་མ་འོངས་པའི་གེ་སར་གྱི་རིན་ཐང་དང་དམངས་ཁྲོད་སྒྲུང་བའི་ལོ་རྒྱུས་ཀྱི་ལས་འགན། གེ་སར་སྒྲུང་གི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཀྱི་ཐད་ནས་འཆད་ཁྲིད་གནང་། གསོ་སྦྱོང་གི་སྐབས་སུ། སློབ་མ་ཚོས་ཁྲི་ཀའི་ལྷ་རྩེད་ཀྱི་གཟུགས་འདས་ཤུལ་བཞག་འཁྲབ་སྟོན་བྱ་འགུལ་ཁྲོད་ཞུགས་ཏེ། ས་གནས་ཀྱི་གེ་སར་སྒྲུང་བ་དང་མང་ཚོགས་བར་བརྗེ་རེས་བྱས།
གསོ་སྦྱོང་གི་དུས་ཡུན་ཉིན་3ནང་ཆེད་མཁས་པའི་འཆད་ཁྲིད་དང་བཞུགས་མོལ་བགྲོ་གླེང་། འཁྲབ་སྟོན་སོགས་ཀྱི་རྣམ་པས་སློབ་མ་ཚོའི་སློབ་སྦྱོང་གི་བརྩོན་སེམས་ཆེ་རུ་བསྐྱེད། 
དེང་རབས་དཔལ་ཡོན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། གེ་སར་རྒྱུན་འཛིན་དང་དྲིལ་སྒྲོག་ས་ཁུལ་གྱི་མང་ཚོགས་ཐོན་སྐྱེད་འཚོ་བའི་རྣམ་པ་དང་བསམ་བློའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འགྱུར་ལྡོག་དེས་གེ་སར་རིག་གནས་རྒྱུན་འཛིན་གྱི་ཁོར་ཡུག་ལ་རྡེབ་ཤུགས་ཆེན་པོ་ཐེབས་ཤིང་། དཔེེར་ན་གེ་སར་གྱི་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པའི་གྲངས་ཀ་ཉུང་དུ་སོང་བ་དང་། རྒྱུན་འཛིན་གྱི་བར་སྟོང་ཉིན་རེའི་བཞིན་ཆུང་དུ་འགྲོ་བ་སོགས་ཡོད། དེ་བས་གེ་སར་སྒྲུང་བའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་དེས་གེ་སར་གྱི་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་ངག་རིགས་སྒྱུ་རྩལ་མཐོར་འདེགས། དེ་མིན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
པར་རིས། ཆབ་འགག་ཇོ་རུས་མཁོ་འདོན་བྱས།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།