ཡར་ཀླུང་གཙང་པོའི་དབུས་རྒྱུད་ནས་བྲག་རིས་འདི་འདྲ་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2022-04-24 08:48:44 ཀློག་གྲངས།:
        བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་བྲག་བརྐོས་རིག་དངོས་ལ་བརྟག་ཞིབ་བྱེད་པའི་ལས་དོན་རྒྱ་ཆེ་གཏིང་ཟབ་ངང་སྤེལ་ཆེད། སྤྱི་ཟླ4ཚེས14ཉིན། གཞིས་རྩེ་གྲོང་ཁྱེར་གྱི་བྲག་བརྐོས་སྒྱུ་རྩལ་བཤམས་མཛོད་ཁང་གིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་རིན་སྤུངས་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལྷན་དུ་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་མཁའ་རོག་གྲོང་ཚོ་སྣར་ཕུའི་ཤྭ་བ་འཕྲང་དུ་བྲག་བརྐོས་རིག་དངོས་བཙལ་འཚོལ་དང་བརྟག་ཞིབ་བྱེད་པའི་ལས་དོན་སྤེལ་བ་རེད།
        དེ་གའི་ཡུལ་མི་ཚོའི་ས་ནས་འདྲི་རྩད་བྱས་པ་བརྒྱུད་བརྟག་ཞིབ་ཚོགས་ཆུང་ལ་མཁའ་རོག་གྲོང་ཚོ་དང་བར་ཐག་སྤྱི་ལེ5ཙམ་ཡོད་པའི་སྣར་ཕུའི་བྲག་ངོས་ནས། ཤྭ་བའི་རི་མོ་བཞི་དང་དྲ་མིག་བཅུ་དྲུག་ཅན་གྱི་མིག་མངས་ཀྱི་རི་མོ་ལས་གྲུབ་པའི་བྲག་བརྐོས་རི་མོའི་ཚོམས་ཤིག་རྙེད་པ་དང་། བྲག་བརྐོས་རི་མོ་དེ་དག་སྣར་ཕུའི་ཤྭ་བ་འཕྲང་དུ་གནས་སྟབས། ལས་དོན་པ་ཚོས་གང་དེར་ཤྭ་བ་འཕྲང་བྲག་བརྐོས་ཞེས་མིང་བཏགས་ཡོད། བྲག་བརྐོས་རི་མོ་དེ་དག་འཁོད་སའི་བྲག་ངོས་དེ་ངོས་སྙོམ་པོ་དེ་ཙམ་མེད་པའི་སྐས་དབྱིབས་ཅན་ཞིག་ཡིན་ཞིང་། ཤར་ནུབ་ཀྱི་རིང་ཚད་རིང་ཤོས་ལ་ལི་སྨི190དང་། ལྷོ་བྱང་གི་ཞེང་ཚད་ཆེ་ཤོས་ལ་ལི་སྨི171ཟིན་པ་མ་ཟད། རི་མོ་དེ་གང་དེའི་དཀྱིལ་དུ་གནས་ཡོད། རི་མོའི་གྲུབ་ཆ་གཙོ་བོ་དེ་བྲག་ངོས་དེའི་ནུབ་བྱང་ངོས་སུ་རུབ་རུབ་ཏུ་འཁོད་པ་དང་། རི་མོ་བརྐོ་ཐབས་གཙོ་བོ་ནི་སྔོན་ལ་སོར་ཆས་ཀྱིས་རི་མོའི་སྤྱི་ཁོག་རགས་བརྐོས་བརྒྱབ་པ་དང་། དེ་རྗེས་ཞིབ་ཕྲའི་ནང་བརྐོས་རྒྱག་རྩལ་སྤྱད་ཡོད། མ་གཞི་མིག་སྔར་བྲག་བརྐོས་རི་མོ་དེ་བྱུང་བའི་ལོ་དུས་ཞིབ་ཕྲ་བརྡར་ཤ་གཅོད་ཐུབ་མེད་མོད། འོན་ཀྱང་བྲག་བརྐོས་རི་མོ་དེའི་ནང་དོན་དང་བརྐོ་རྩལ་གྱི་ཁྱད་ཆོས་ནི་དེའི་གོང་ནག་ཆུ་སོག་རྫོང་སོགས་བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་ཡུལ་ཤུལ་ནས་རྙེད་པའི་སྔ་དུས་ཀྱི་བྲག་བརྐོས་རི་མོ་འགའ་ཤས་ཀྱི་ཁྱད་ཆོས་དང་ཅུང་འདྲ་པོ་ཡོད། ཤྭ་བ་འཕྲང་བྲག་བརྐོས་རི་མོའི་བཞེངས་རྩལ་དེར་རྩིང་ལ་གཤོགས་ཆེ་བ་དང་། གནའ་ཉམས་དོད་པ། རང་བྱུང་དང་ཐག་ཉེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། བྲག་བརྐོས་རི་མོ་དེ་རིགས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་ཤིན་ཏུ་མཐོང་དཀོན་པས། གང་དེ་གཞིས་རྩེ་གྲོང་ཁྱེར་དུ་བྲག་བརྐོས་རི་མོའི་རིག་གནས་བཙལ་འཚོལ་དང་ཞིབ་འཇུག་བྱེད་པའི་ལས་དོན་སྤེལ་ཚུན་གྱི་གསར་རྙེད་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེར་ལོ་རྒྱུས་ཀྱི་དོན་སྙིང་དང་གནའ་དཔྱད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།
        ཤྭ་བ་འཕྲང་བྲག་བརྐོས་རི་མོར་གལ་ཆེའི་རང་བཞིན་ལྡན་པར་དམིགས་ནས། བརྟག་ཞིབ་ཚོ་ཆུང་གིས་རིན་སྤུངས་རྫོང་རིག་གནས་ཡུལ་སྐོར་ཅུས་ལ་ཁུལ་དེར་སྲུང་སྐྱོབ་སྔར་ལས་ལྷག་པ་བྱ་རྒྱུ་དང་། རི་ཁུལ་གྱི་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་རྟགས་བྱང་འཛུགས་པ་དང་ཆབས་ཅིག ཁུལ་དེར་ས་བརྐོ་རྡོ་སློག་བྱེད་པ་དང་། བྲག་བརྐོས་རི་མོ་གནས་སའི་བྲག་ངོས་དང་དེའི་མཐའ་འཁོར་དུ་རི་མོ་གཞན་གང་བྱུང་དུ་འབྲི་བ་སོགས་བྲག་བརྐོས་རི་མོར་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་སྤེལ་དུ་མི་འཇུག་རྒྱུའི་གྲོས་འགོ་བཏོན་ཡོད། 
       ད་ཐེངས་ཤེས་རྟོགས་ཐུབ་པའི་ཤྭ་བ་འཕྲང་བྲག་བརྐོས་རི་མོ་དེ་ཡར་ཀླུང་གཙང་པོའི་བར་རྒྱུད་ནས་རྙེད་པའི་བྲག་བརྐོས་རི་མོའི་གནའ་ཤུལ་གལ་ཆེན་ཞིག་ཏུ་གྱུར་བ་དང་། དེས་བོད་ལྗོངས་ཀྱི་དབུས་རྒྱུད་ནས་ཉམས་ཆོས་ཀྱིས་ཕྱུག་པའི་བྲག་བརྐོས་རི་མོ་དེ་རིགས་རྙེད་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པ་དང་སྦྲགས། དེས་ས་གནས་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་དང་། རིག་གནས་ཀྱི་བློ་སྤོབས་ཇེ་བརྟན་དུ་བཏང་བས། ས་གནས་དེ་གའི་རིག་གནས་དང་ཡུལ་སྐོར་བྱ་གཞག་གོང་འཕེལ་གཏོང་རྒྱུར་འགན་སྲུང་ནུས་ལྡན་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།