ད་ནས་བཟུང་རང་ཞིང་གིས་རིག་ཚན་དང་རྩིས་ཚན་དགར་རྒྱུ་མིན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-06-28 08:54:25 ཀློག་གྲངས།:
        ད་ནས་བཟུང་རང་ཞིང་གིས་རིག་ཚན་དང་རྩིས་ཚན་ཞེས་དགར་རྒྱུ་མིན་ཞིང། 2025ལོ་ནས་བཟུང་མཐོ་རྒྱུགས་ལེན་སྟངས“3+1+2”ལག་ལེན་བསྟར་རྒྱུ་ཡིན་པ།
        ཟླ6པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་ཧྲེན་ཧུང་ཞིང་གིས«མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་བསྡུའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི»ཡི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་དངོས་སུ་གསར་འགོད་པའི་དྲི་བར་ལན་བསྐྱོན།
        ཧྲེན་ཧུང་ཞིང་གིས་ངོ་སྤྲོད་བྱས་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། མཚོ་སྔོན་གྱིས2022ལོར་མཐོ་རྒྱུགས་ལ་ཕྱོགས་བསྡུས་བཅོས་སྒྱུར་བྱེད་འགོ་ཚུགས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱུགས་ལེན་སློབ་བསྡུའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི»པར་འགྲེམས་བྱས་ཤིང་། དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་མཚོན་ཡོད།
        ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2022ལོའི་སྟོན་དུས་སུ་སློབ་མགོ་ཚུགས་པའི་མཐོ་གཅིག་སློབ་མ་ནས་མགོ་བཟུང་སྟེ་མཐོ་སློབ་དཀྱུས་མའི་རྒྱུགས་ལེན་སློབ་བསྡུའི་ཕྱོགས་བསྡུས་བཅོས་སྒྱུར་འགོ་ཚུགས་རྒྱུ་རེད། 2025ལོའི་བར་དུ་རིགས་དབྱེའི་རྒྱུགས་སྤྲོད་དང་། ཕྱོགས་བསྡུས་གདེང་འཇོག སྣ་མང་བསྡུ་ལེན་བཅས་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་དང་། དྲང་གཞག་ཡིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་ལྡན་པ་ལེགས་འདེམས་དང་། ལྟ་སྐུལ་ནུས་ལྡན་ཡིན་པའི་མཐོ་སློབ་དཀྱུས་མའི་རྒྱུགས་ལེན་སློབ་བསྡུའི་ལམ་སྲོལ་བཅས་གཞི་རྩའི་ཐོག་ཆགས་ནས་འཐུས་ཚང་བར་འགྱུར་ངེས། བཅོས་སྒྱུར་གྱི་འགོ་ཚུགས་རྗེས། རིག་ཚན་དང་རྩིས་ཚན་གྱི་དབྱེ་བ་མེད་པར་བཟོས་ཏེ། མཐོ་རྒྱུགས་ཀྱི་བསླབ་ཚན་ཡང་བསྐྱར་བཀོད་སྒྲིག་བྱས་ནས་། གདམ་ག་རང་བཞིན་གྱི་རྒྱུགས་ལེན་བསླབ་ཚན་གྱི་རྒྱུགས་འབྲས་དེ་མཐོ་སློབ་སློབ་བསྡུའི་སྤྱིའི་རྒྱུགས་འབྲས་ནང་འཇུག་རྒྱུ། ལྟོས་བཅས་ཀྱིས་མཐོ་རིམ་ལས་རིགས་སློབ་གླིང་གི་རྒྱུགས་ལེན་སློབ་བསྡུ་དང་དངོས་གཞིའི་ཚན་ཁག་གི་སློབ་གསོའི་རྒྱུགས་ལེན་སློབ་བསྡུ་དགར་ཏེ། གཅིག་གྱུར་མཐོ་རྒྱུགས་དང་མཐོ་རིམ་སློབ་འབྲིང་གི་སྦྱངས་འབྲས་གཞི་བྱས་ནས། ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་དཔྱད་གཞིར་འཛིན་པའི་སྣ་མང་གི་སློབ་བསྡུའི་རྣམ་པ་བཏོད་རྒྱུ་རེད།
        2025ལོར། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལེན་སྟངས“3+1+2”ལག་བསྟར་བྱས་ཏེ་ཕྱོགས་བསྡུས་བཅོས་སྒྱུར་དོན་འཁྱོལ་བྱས། རྒྱུགས་ལེན་བསླབ་ཚན་ནང་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་བསླབ་ཚན3(སྐད་ཡིག་དང་། རྩིས་རིག ཕྱི་སྐད།)དང་། ཚན་རིག་ལས་རིགས་ཀྱི་ཆུ་ཚད་ལྡན་པའི་གདམ་ག་རང་བཞིན་གྱི་འདེམ་གཞི་དང་པོའི་བསླབ་ཚན(ལོ་རྒྱུས་སམ་ཡང་ན་དངོས་ལུགས)། ཚན་རིག་ལས་རིགས་ཀྱི་ཆུ་ཚད་ལྡན་པའི་གདམ་ག་རང་བཞིན་གྱི་འདེམ་གཞི་གཉིས་པའི་བསླབ་ཚན2(བསམ་བློ་ཆབ་སྲིད་དང་། ས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ།)བཅས་ཡིན་ཞིང་། རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་ཀྱི་སྤྱིའི་སྐར་གྲངས750ཡིན་ཞིང་། དེ་ལས་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་ཁྲོད་ཚུད་པའི་བསླབ་ཚན་གཙོ་བོ་སྐད་ཡིག་དང་། རྩིས་རིག ཕྱི་སྐད་བཅས་བསླབ་ཚན3གྱི་རྒྱུགས་འབྲས་སྔར་བཞིན་དེ་སྔའི་བརྩི་སྟངས་ལྟར་རྒྱུགས་སྤྲོད་སློབ་མའི་སྤྱིའི་རྒྱུགས་འབྲས་ནང་འཇུག་རྒྱུ་དང་། བསླབ་ཚན་རེར་སྐར་མ150རེ་ཡིན། འདེམ་གཞི་དང་པོའི་བསླབ་ཚན་གྱི་རྒྱུགས་འབྲས་ཡང་སྔར་བཞིན་དེ་སྔའི་བརྩི་སྟངས་ལྟར་རྒྱུགས་སྤྲོད་སློབ་མའི་སྤྱིའི་རྒྱུགས་འབྲས་ནང་འཇུག་རྒྱུ་དང་བསླབ་ཚན་རེར་སྐར་མ100རེ་ཡིན། འདེམ་གཞི་གཉིས་པའི་བསླབ་ཚན་གྱི་རྒྱུགས་འབྲས་དེ་རྒྱུགས་འབྲས་བཟང་ངན་གྱི་རིམ་པ་ལྟར་རྒྱུགས་སྤྲོད་སློབ་མའི་སྤྱིའི་རྒྱུགས་འབྲས་ནང་འཇུག་རྒྱུ་དང་བསླབ་ཚན་རེར་སྐར་མ100རེ་ཡིན། མཐོ་སློབ་སློབ་བསྡུའི་སྐབས། ལོ་རྒྱུས་དང་དངོས་ལུགས་རིགས་གཉིས་གཞིར་བཟུང་ནས། སོ་སོར་སློབ་བསྡུའི་འཆར་གཞི་བཟོ་བ་དང་། སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་སོ་སོར་དབྱེ་ཞིང་ཡིག་ཚགས་སོ་སོར་བསྐུར་ནས་སློབ་མ་བསྡུ་བ་བཅས“ཆེད་ལས(རིགས)+སློབ་གླིང”གི་ཚད་གཞི་འདྲ་མཚུངས་ཡིན་པའི་ཡིག་ཚགས་འདོན་སྤྲོད་ཀྱི་སློབ་བསྡུའི་རྣམ་པ་ལག་ལེན་བསྟར་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།