ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ཀྱི་གནའ་དཔྱད་རྟོག་ཞིབ་ཐད་གྲུབ་འབྲས་གསར་པ་ཐོབ་པ།
མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ཀྱི་གནའ་དཔྱད་རྟོག་ཞིབ་ཐད་གྲུབ་འབྲས་གསར་པ་ཐོབ་པ།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-23 14:47:27
ཀློག་གྲངས།:
གསར་འགོད་པས་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རྟོག་དཔྱོད་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2022ལོར་མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ཀྱི་སྔོག་འདོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་པ་དང་། གནའ་དཔྱད་ཆེད་མཁས་པ་དག་གིས་སྲུང་སྐྱོབ་རང་བཞིན་གྱིས་གཙང་བཤེར་སྔོག་འདོན་བྱས་པ་བརྒྱུད། 2007QM1བང་སོ་དང2018ལོའི་ཤེའུ་བང་སོ་དང་པོ་གཉིས་ཀྱི་རྣམ་པ་དང་བཟོ་དབྱིབས། གཞི་ཁྱོན་བཅས་འདྲ་པོ་ཡོད་པ་ཤེས། རྗེས་མར་ཆུ་ཁོལ་བང་སོའི་ཚོགས་ཀྱི་བྱང་ཁུལ་ལ་ཕྱོགས་ཡོངས་ནས་རྩད་བརྟག་བྱེད་འཆར་འདུག

2018ལོའི་ཤེའུ་བང་སོ་དང་པོ(གཡས།)དང2007QM1བང་སོ(གཡོན།)གཉིས་ཀྱི་གནས་ཡུལ།
དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆུ་ཁོལ་ཡུལ་ཚོའི་ཁོངས་སུ་ཡོད་པ་དང་། 1982ལོར་གནའ་རྫས་རྟོག་ཞིབ་གསར་རྙེད་བྱུང་བ་མ་ཟད་མིང་ཡང་ཐོགས་པ་རེད། 2018ལོར་ཆུ་ཁོལ་བང་སོའི་ཚོགས་བརྐུ་ལ་ཤོར་བ་ཤེས་རྟོགས་བྱུང་རྗེས། ལོ་དེ་ནས་བཟུང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་གྱིས་བརྐུ་སྔོག་བྱས་ཟིན་པའི2018ལོའི་ཤེའུ་བང་སོ་དང་པོར་སྔོག་འདོན་བྱས། ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རྟོག་ཞིབ་རུ་ཁག་གིས་དུས་རབས6པ་ནས9པའི་བར་གྱི་ཚྭ་འདམ་གཤོང་སའི་ཤར་ལྷོའི་རྒྱུད་ཀྱི་སྐྱས་སྤོའི་མི་རིགས་འདུས་སྡོད་ཀྱི་རྣམ་པ་འཚོལ་ཞིབ་དང་ཆུ་ཁོལ་བང་སོའི་ཚོགས་ཀྱི་གྲངས་འབོར་དང་སྒྲིག་བཀོད་གསལ་པོར་བཟོ་རྒྱུ་དེ་རིག་གཞུང་གི་དམིགས་ཚད་དུ་བཟུང་ནས། སྔོག་འདོན་གཙང་བཤེར་གྱིས་བརྟག་དཔྱད་དང་རྩད་ཞིབ་དུས་གཅིག་ཏུ་བྱས།

2018ལོའི་ཤེའུ་བང་སོ་དང་པོའི་དུར་སའི་ཧྲིལ་ལྗོངས།
“2022ལོའི་ལས་ཀའི་གཙོ་གནད་ནི2007QM1བང་སོ་ལ་སྲུང་སྐྱོབ་རང་བཞིན་གྱིས་གཙང་བཤེར་སྔོག་འདོན་བྱེད་རྒྱུ་དེ་ཡིན།” ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧན་ཅན་ཧྭ་ཡིས་ངོ་སྤྲོད་བྱས་དོན། མིག་སྔར2007QM1བང་སོ་ལ་གཙང་བཤེར་སྔོག་འདོན་གྱི་ལས་ཀ་ཡོངས་སུ་གྲུབ་ཟིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2007QM1དེ2018ལོའི་ཤེའུ་བང་སོ་དང་པོའི་ནུབ་ངོས་སུ་ཡོད་པ་དང་། 2018ལོའི་ཤེའུ་བང་སོ་དང་པོའི་ནུབ་གྱང་དང་དམ་པོར་སྦྲེལ་ཡོད། སྔ་དུས་ཀྱི་གྱང་དང་ས་སྟེང་གི་བཟོ་བཀོད། དུར་ལམ། དབར་ལམ། རྩིག་སྐྱོར། དུར་ཁང་བཅས་སྔོན་འདོན་བྱས་ཟིན་ནའང་། གནའ་དཔྱད་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་ཁྱབ་བསྒྲགས་བྱས་མེད། འགྲེམས་སྟོན་གྱི་རྗེས་ཤུལ་སྲུང་སྐྱོབ་བྱ་ཆེད་བསྐྱར་དུ་སྔོག་འདོན་བྱས་པ་བརྒྱུད་བང་སོ་དེའི་དབྱིབས་དང་གཞི་ཁྱོན་ནི2018ལོའི་ཤེའུ་བང་སོ་དང་པོའི་བང་སོ་དང་འདྲ་པོ་ཡོད་པ་གཏན་འཁེལ་བྱས།དེ་ལས་གཞན། ཆུ་ཁོལ་བང་སོའི་ཚོགས་སྲུང་སྐྱོབ་འགྲེམས་སྟོན་ལས་གྲྭར་གཞོགས་འདེགས་བྱ་ཆེད་ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས1982ལོར་སྔོག་འདོན་བྱས་པའི་ཤེའུ་བང་སོ་དང་པོའི་ལྷོ་ངོས་ཀྱི་གསོན་དུར་བཏང་བའི་རྟ་དོང་གཉིས་བསྐྱར་དུ་སྔོག་འདོན་གཙང་བཤེར་བྱས། མིག་སྔར་སྔོག་འདོན་གཙང་བཤེར་ཀྱི་ལས་ཀ་མཇུག་སྒྲིལ་བ་དང་ད་ལྟ་འཇལ་འབྲིའི་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན་ནོ། །
ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་ལོ་ངོ་དུ་མར་འཚོལ་ཞིབ་བྱས་པ་བརྒྱུད། གྲོང་ཁྱེར་གནས་ཡུལ་དང་ཆོས་ལུགས་ཀྱི་སྒྲིག་བཀོད། བང་སོ་བཅས་གསུམ་གཞི་གཅིག་ཏུ་འདུས་པའི་སྐྱས་སྤོའི་མི་རིགས་འདུས་སྡོད་རྣམ་པའི་མཐོང་རྒྱ་གསར་པ་གཏན་འཁེལ་བྱས་ཡོད། “གོ་རིམ་རྗེས་མའི་ལས་ཀ་ནི་ཆུ་ཁོལ་བང་སོའི་ཚོགས་ཀྱི་བྱང་ཁུལ་ལ་ཕྱོགས་ཡོངས་ནས་རྩད་བརྟག་བྱེད་འཆར་ཡོད་དེ། གཅིག་ནས་བྱང་ཁུལ་ནང་གི་བང་སོའི་གྲངས་འབོར་དང་སྒྲིག་བཀོད་གཏན་འཁེལ་བྱེད་པ་དང་། གཉིས་ནས་བྱང་ཁུལ་གྱི་ཤར་དང་ནུབ་ཀྱི་མཐའ་མཚམས་འཚོལ་བ་དང་། ས་ཁམས་ཀྱི་དོན་སྙིང་སྟེང་ནས་ཆུ་ཁོལ་བང་སོའི་ཚོགས་ཀྱི་ཁྱབ་ཁོངས་ལ་གནད་འཁེལ་དབྱེ་ཞིབ་ཀྱིས་གཏན་འཁེལ་བྱེད་པ། གསུམ་ནས2007QM1བང་སོའི་ཁྱབ་ཁོངས་འཚོལ་ཞིབ་བྱེད་དགོས།”ཞེས་ཧན་ཅན་ཧྭས་བཤད།

ཆུ་ཁོལ་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་ཡུལ་དངོས་སུ་འཇལ་འབྲི་བྱེད་བཞིན་པ།
གནའ་དཔྱད་རྟོག་ཞིབ་གསར་རྙེད་བྱུང་བ་ལས2018ལོའི་ཤེའུ་བང་སོ་དང་པོ་ནི་མདོ་དབུས་མཐོ་སྒང་སྟེང་གསར་རྙེད་བྱུང་བའི་སྒྲིག་བཀོད་ཆ་ཚང་ཤོས་དང་གྲུབ་ཆ་གསལ་ཤོས། བཟོ་དབྱིབས་རྙོག་འཛིང་ཆེ་ཤོས་བཅས་ཀྱི་རིམ་པ་མཐོ་བའི་བང་སོའི་གྲས་ཤིག་ཡིན་པ་རྟོགས་ཡོད། ན་ནིང་གི་ཟླ4པར། 2018ལོའི་ཤེའུ་བང་སོ་དང་པོ་དེ2020ལོའི་རྒྱལ་ཡོངས་གནའ་དཔྱད་གསར་རྙེད་བཅུའི་གྲས་སུ་གདམས་པ་དང་། ཡང་ན་ནིང་གི་ཟླ10པར། མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་དེ་ལོ་བརྒྱའི་གནའ་དཔྱད་གསར་རྙེད་ཆེན་པོ་བརྒྱའི་གྲས་སུ་ཚུད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།