བོད་ལྗོངས་ཀྱིས་དཔེ་རྙིང་བམ་པོ233གྲངས་གཞི་ཅན་དུ་བཟོས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2022-11-16 09:20:25 ཀློག་གྲངས།:
       བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོབ་ལས་དོན་སྤེལ་འགོ་ཚུགས་ཚུན་དུ། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་དེ་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བོད་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ཡོངས་བཤེར་ཐོ་འགོད་དང་། དཔེ་རྙིང་གྲངས་གཞི་ཅན་གྱི་གཞི་གྲངས་མཛོད་འཛུགས་སྐྲུན། དཔེ་རྙིང་ལེགས་སྒྲིག་ཉམས་གསོ་དང་ཞིབ་འཇུག་བེད་སྤྱོད། དཔེ་རྙིང་སྲུང་སྐྱོབ་དཔུང་ཁག་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་བསམ་བློའི་འདུ་ཤེས་དང་། མི་ཆོས་རིག་གནས་ཀྱི་སྙིང་སྟོབས་དང་ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།
བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཉམས་གསོ་མི་སྣས་དཔེ་རྙིང་ཉམས་གསོའི་བརྒྱུད་རིམ་ལ་གྲོས་སྡུར་བྱེད་པ།
ཡོངས་ཁྱབ་ཞིབ་བཤེར།
      ཉར་ཚགས་ཚན་པ1160ལྷག་ལ་ཡོངས་བཤེར་བྱས་པ།
      བོད་ལྗོངས་ཀྱི་གྲོང་ཁྱེར་དྲུག་དང་ས་ཁུལ་གཅིག་ཏུ་དཔེ་རྙིང་ཡོངས་བཤེར་བྱེད་པའི་ལས་འགན་སྤྱིའི་ཆ་ནས་ལེགས་འགྲུབ་ཟིན་པ།
      2011ལོར་དཔེ་རྙིང་ཡོངས་བཤེར་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཚུན་དུ། ནུབ་རྒྱུད་མངའ་རིས་ནས་བྱང་ཐང་ནག་ཆུ་བར་དང་། མཐའ་མཚམས་ནས་གྲོང་འདབས་བར། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་དཔེ་རྙིང་ཉར་ཚགས་ཚན་པ་གཅིག་གི་དཔེ་རྙིང་བམ་པོ་གཅིག་ཀྱང་མི་ལུས་པར་ཡོངས་བཤེར་ཐོ་འགོད་བྱེད་ཐུབ་པའི་བརྩོན་ལེན་བྱས།
      མིག་སྔའི་བར་དུ། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཉར་ཚགས་ཚན་པ1160(མི་སྒེར102ཚུད་པ)ལྷག་དང་དེ་བཞིན་མི་སྒེར་ལ་དབང་བའི་དཔེ་རྙིང་ལ་ཡོངས་བཤེར་ཐོ་འགོད་བྱེད་པའི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་ཟིན་ཞིང་། ཡོངས་བཤེར་གྱི་སྤྱི་འབོར་བམ་པོ་ཁྲི1.8(དེབ་ཁྲི10ལྷག་ཟིན་པ)ལྷག་ཟིན་པ་དང་། པར་གཞིའི་དེབ་ཀྱི་རི་མོ་ཁྲི9ལྷག་བཟོས་པར། བོད་ལྗོངས་ཀྱི་གྲོང་ཁྱེར་དྲུག་དང་ས་ཁུལ་གཅིག་གི་ངོས་ཐོག་གི་དཔེ་རྙིང་ལ་ཡོངས་བཤེར་བྱེད་པའི་ལས་འགན་སྤྱིའི་ཆ་ནས་ལེགས་འགྲུབ་ཟིན་ཡོད། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ4ཡི་ནང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་དཔེ་རྙིང་ལ་ཡོངས་བཤེར་བྱེད་པའི་ལས་འགན་ལེགས་འགྲུབ་ཟིན་པ་དང་། ནོར་བུ་གླིང་ཁ་དང་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ལ་ཡོངས་བཤེར་ཐོ་འགོད་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། མིག་སྔའི་བར་དུ། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ནོར་བུ་གླིང་ཁའི་དཔེ་རྙིང་བམ་པོ1720དང་། ཕོ་བྲང་པོ་ཏ་ལའི་དཔེ་རྙིང་བམ་པོ2530ལ་ཡོངས་བཤེར་ཐོ་འགོད་བྱས་ཟིན། ད་ལོར། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་དང་། གཞིས་རྩེ་གྲོང་ཁྱེར་གྱི་ས་སྐྱ་དགོན་དང་དཔལ་འཁོར་ཆོས་སྡེ་དགོན་སོགས་དཔེ་རྙིང་ཉར་ཚགས་ཀྱི་གྲངས་འབོར་ཅུང་མང་བའི་ཚན་པའི་ཡོངས་བཤེར་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་མཆིས།
       2007ལོར«རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང»དང་དེ་བཞིན་དུ“རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པའི”སྙན་ཞུའི་ལས་དོན་སྤེལ་ཚུན་དུ། ཁག་དང་པོ་ནས་དྲུག་པ་བར་གྱི་སྙན་ཞུའི་ལས་དོན་ཁྲོད་དུ། བོད་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་བམ་པོ305«རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང»ནང་ཚུད་ཡོད། གཞན་ཡང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་དང་། བོད་ལྗོངས་ཡིག་ཚགས་ཅུས(ཁང)ནོར་བུ་གླིང་ཁ་དོ་དམ་ཁྲུའུ་བཅས་དཔེ་རྙིང་ཉར་ཚགས་ཚན་པ4“རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོབ་ཚན་པའི”ནང་བདེ་བླག་ངང་ཞུགས་ཐུབ་ཡོད།
བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཉམས་གསོ་མི་སྣས་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་ལ་ཉམས་གསོ་བྱེད་བཞིན་པ།
ཉམས་གསོ།
       གཏོར་སྐྱོན་བྱུང་བའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང4420ལ་ཉམས་གསོ་བྱས་པ།
       སྲོལ་རྒྱུན་གྱི་དཔེ་རྙིང་ཡིག་ཚགས་ལ་བསྐྱར་དུ་བེད་སྤྱོད་དང་དེའི་གདོད་མའི་རང་བཞིན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
       བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཡོངས་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། དཔེ་རྙིང་ཉར་ཚགས་ཚན་པས་ཉར་ཚགས་བྱས་པའི་དཔེ་རྙིང་ལ་ཉར་ཚགས་ཀྱི་ཆ་རྐྱེན་ནམ་ཡང་ན་ལོ་རྒྱུས་ཀྱིས་རྐྱེན་པས་དཔེ་རྙིང་མི་ཉུང་བར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད། དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས། “ཡོངས་ཁྱབ་ཞིབ་བཤེར་གཏིང་ཟབ་ཏུ་སོང་བ་དང་སྦྲགས། གཏོར་སྐྱོན་བྱུང་བའི་དཔེ་རྙིང་གི་གྲངས་འབོར་ཅུང་མང་བས་དངོས་གནས་ཡིད་ཕམ་དགོས་པ་ཞིག་འདུག”ཅེས་ངོ་སྤྲོད་བྱས།
       2015ལོར། བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་ཉམས་གསོའི་ལྟེ་གནས་བཙུགས་པ་ནས་བཟུང་། རྒྱལ་ཁབ་དཔེ་མཛོད་ཁང་དང་ཡུན་ནན་ཞིང་ཆེན་དཔེ་མཛོད་ཁང་སོགས་ཆེད་ལས་ཉམས་གསོའི་ལྟེ་གནས་ཀྱིས་གསོ་སྦྱོང་ལག་ལེན་ནང་ཞུགས་པའི་ཉམས་གསོའི་མི་སྣ་བོད་ཡིག་གི་དཔེ་རྙིང་ཉམས་གསོའི་ལས་དོན་ཁྲོད་ཧུར་ཐག་ཞུགས་སུ་བཅུག་ནས། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མང་ར་དགོན་གྱི་གཏོར་སྐྱོན་ཕོག་པའི་དཔེ་རྙིང་ལ་ཉམས་གསོ་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་པ་དང་། དེའི་ཁོངས་སུ་ཤིང་ཏ་ལའི་ལོ་མའི་དཔེ་རྙིང་ཡིག་ཚགས་ཁྱོན248ལ་ཉམས་གསོ་བྱས་པ་དང་། པར་རིས496པར་ལེན་བྱས་ནས་ཡིག་ཚགས་སུ་བཅུག་པ་དང་སྦྲགས། ཉམས་གསོ་ལེགས་འགྲུབ་ཟིན་པའི་དཔེ་རྙིང་དང་ཡིག་ཚགས་དེ་དག་དཀར་ཆག་གཅིག་མཚུངས་ཀྱི་ཚད་ལྡན་གོ་རིམ་ལྟར་དགོན་སྡེར་རྩིས་སྤྲད་པ་རེད། གཞན་ཡང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་བྱམས་ཆེན་གྲོང་ཚོའི་པད་དཀར་དགོན་གྱི་དཔེ་རྙིང་བམ་པོ237དང་། ཤིང་ཏ་ལའི་ལོ་མའི་དཔེ་རྙིང་ཡིག་ཚགས་རྩ་ཆེན་ཁྲི3ལྷག་ལ་ལེགས་སྒྲིག་དང་། ཡིག་ཚགས་བཟོ་བ། དཔེ་དེབ་པར་ལེན་སོགས་ཀྱི་ལས་དོན་ལེགས་འགྲུབ་བྱས་ཡོད། དེ་དང་ཆབས་ཅིག་ཏུ། གཏོར་སྐྱོན་ཕོག་པའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང7000ལྷག་ལ་ཉམས་གསོ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པར། མིག་སྔའི་བར་དུ་གཏོར་སྐྱོན་ཕོག་པའི་ཤིང་ཏ་ལའི་ལོ་མའི་དཔེ་རྙིང4420ལ་ཉམས་གསོ་བྱེད་པའི་ལས་དོན་ལེགས་འགྲུབ་ཟིན་པ་དེས་སྲོལ་རྒྱུན་གྱི་དཔེ་རྙིང་ཡིག་ཚགས་ལ་བསྐྱར་དུ་བེད་སྤྱོད་དང་དེའི་གདོད་མའི་རང་བཞིན་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།
དཔེ་རྙིང་ཉམས་གསོ་བྱས་མ་བྱས་གོང་གི་པར་རིས་ལ་བསྡུར་བ་བྱེད་པ།
གྲངས་གཞི་ཅན།
       བོད་ཡིག་དཔེ་རྙིང་གྲངས་གཞི་ཅན་དུ་བསྒྱུར་བའི་དམིགས་ཚད་མངོན་འགྱུར་བྱུང་བ།
       “སྲུང་སྐྱོབ་དང་བེད་སྤྱོད”ཀྱི་འགལ་བ་བསལ་བ།
       དཔེ་རྙིང་གྲངས་གཞི་ཅན་ནི་དཔེ་རྙིང་བསྐྱར་གསོའི་རང་བཞིན་གྱི་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་ཡིན་ལ། མིག་སྔའི་བོད་ཡིག་དཔེ་རྙིང་གི“ཉར་ཚགས་ལ་མཐོང་ཆེན་དང་བེད་སྤྱོད་ལ་སྣང་ཆུང”བྱེད་པའི་སྣང་ཚུལ་ལ་འགྱུར་ལྡོག་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་རེད། བོད་ལྗོངས་ཀྱི་དཔེ་རྙིང་ལ་ཡོངས་བཤེར་དང་སྲུང་སྐྱོབ་ཡག་པོ་བྱེད་པ་དང་ཆབས་ཅིག་ཏུ།  བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་འབྱུང་འགྱུར་ལ་དམིགས་ཏེ། 2019ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“ཉར་ཚགས་བྱས་པའི་དཔེ་རྙིང་རྩ་ཆེན་གྲངས་གཞི་ཅན་དུ་བསྒྱུར་བའི་རྣམ་གྲངས”དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་། ད་བར་དུ་བོད་ཡིག་གི་དཔེ་རྙིང་ཚད་ལྡན་བམ་པོ167(ཤིང་ཏ་ལའི་ལོ་མའི་དཔེ་རྙིང24126དང5.94TB)ཆ་ཚང་ལ་གཞི་གྲངས་མཛོད་བསྐྲུན་ཟིན་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་ཚིགས་ཐོག་ཏུའང་ཁྱབ་བསྒྲགས་བྱས་ཡོད། 2021ལོར་མཛོད་དུ་ཉར་བའི་དཔེ་རྙིང་ཁག་གཉིས་པ་གྲངས་གཞི་ཅན་དུ་འགྱུར་བའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པར། དཔེ་རྙིང་ཡིག་ཚགས་བམ་པོ233(ཤིང་ཏ་ལའི་ལོ་མའི་དཔེ་རྙིང15000ལྷག)ལ་བཤེར་འབེབས་དང་། དབྱེ་འབྱེད། ཞིབ་བཤེར། གྲངས་གཞི་ལས་སྣོན་བཅས་བྱེད་པའི་ལས་དོན་ལེགས་འགྲུབ་ཟིན་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“ཉར་ཚགས་བྱས་པའི་དཔེ་རྙིང་རྩ་ཆེན་གྲངས་གཞི་ཅན་དུ་བསྒྱུར་བའི་རྣམ་གྲངས”གང་དེར་བོད་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་ཡིག་ཚགས་ལ་དོན་དམ་པའི་གྲངས་གཞི་ཅན་ཐོག་མར་མངོན་འགྱུར་བྱུང་བ་དང་། “སྲུང་སྐྱོབ་དང་བེད་སྤྱོད”ཀྱི་འགལ་བ་ཐག་གཅོད་ཡག་པོ་ཐུབ་སྟེ། རྒྱལ་ནང་གི་བོད་ཡིག་དཔེ་རྙིང་གྲངས་གཞི་ཅན་དུ་བསྒྱུར་བའི་འཕེལ་རིམ་ཁྲོད་དུ་སྔོན་ལ་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱུང་།
        དཔེ་རྙིང་ཡོངས་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་ཚུན་དུ། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་དཔེ་རྙིང་ཡོངས་བཤེར་ཐད་མ་དངུལ་སྒོར་ཁྲི1189.72(དེའི་ཁོངས་སུ་རྒྱལ་ཁབ་ཀྱིས་སྒོར་ཁྲི317.02སྤྲད་པ་དང་བོད་རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི822.7བཏང་ཡོད)བཏང་ཡོད་པ་དང་། ཆེད་སྤྱོད་མ་དངུལ་དེ་བོད་ལྗོངས་ཀྱི་དཔེ་རྙིང་ལས་དོན་གྱི་ཡོངས་བཤེར་དང་། ཉམས་གསོ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ཡོངས་བཤེར་གྱི་གྲུབ་འབྲས་པར་སྐྲུན། དཔེ་རྙིང་གྲངས་གཞི་ཅན་དུ་འགྱུར་བ། ཉར་ཚགས་ཚན་པའི་ཆ་རྐྱེན་ལེགས་བཅོས། དམངས་ཁྲོད་ཀྱི་དཔེ་རྙིང་རྩ་ཆེན་ཉོ་སྒྲུབ་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པས། དེས་བོད་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་རྒྱུར་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱས་ཡོད། དཔེ་རྙིང་ཡོངས་བཤེར་དང་སྲུང་སྐྱོབ་ལས་དོན་གྱི་གཡུར་ཟའི་གྲུབ་འབྲས་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང(བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས)ལ“རྒྱལ་ཡོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཚན་པའི”མཚན་སྙན་ཐོབ་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།