སྐྱིད་ཆུའི་ཉེ་འགྲམ་གྱི་འོན་ཅང་དོའི་གནའ་ཤུལ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-02-27 10:36:22
ཀློག་གྲངས།:
སྤྱི་ལོ2021ལོའི་ཟླ7པར། ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལྷ་ས་སྐྱིད་ཆུའི་ཉེ་འགྲམ་གྱི་འོན་ཅང་དོའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་ཤིང་། ཐང་རྒྱལ་རབས་ཀྱི་ཉམས་འགྱུར་ལྡན་པའི་བོད་བཙན་པོའི་སྐབས་ཀྱི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་དང་། ཡིག་མེད་རྡོ་རིང་། སོ་ཕག་གཡུ་རྩི་སོགས་འཛུགས་སྐྲུན་རྒྱུ་ཆ་ཤེས་རྟོགས་བྱུང་བ་དང་། རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་དང་མཆོད་རྟེན་གྱི་རྩིག་རྨང་སོགས་འཛུགས་སྐྲུན་གནའ་ཤུལ་གལ་ཆེན་སྔོག་འདོན་ཐུབ་ཡོད་ཅིང་། གནའ་ཤུལ་དེ་དག་ལ་ད་བར་ལོ1300ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་ནི་ད་བར་གནའ་རྫས་རྟོག་ཞིབ་ལས་དོན་པས་བོད་ལྗོངས་སུ་མ་ལག་ཚང་བའི་སྒོ་ནས་སྔོག་འདོན་ཐུབ་པའི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་མཐོ་རིམ་འཛུགས་སྐྲུན་གནའ་ཤུལ་སྔོན་འདོན་ཐུབ་ཐེངས་དང་པོ་ཡིན་ལ་བོད་ལྗོངས་ཀྱི་བོད་བཙན་པོའི་སྐབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ། ཁྲེན་ཆིང་གིས། ད་ལྟ་ང་ཚོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོར་སླེབས་ཡོད། འོན་ཅང་དོའི་གནའ་ཤུལ་ནི་འདི་གར་རེད། ཁྱེད་ཀྱིས་མཐོང་བའི་བོད་བཙན་པོའི་སྐབས་ཀྱི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་ནི་གནའ་ཤུལ་འདིའི་རྩིག་རྨང་གི་སྨི་གཉིས་ལྷག་ཙམ་ཐོག་ཡོད་པ་ཞིག་རེད་ཅེས་གསུངས།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་ཚེ་རིང་ཟླ་བས། ང་ཚོའི་གྲོང་ཚོའི་དགུང་ལོ་བརྒྱད་ཅུ་ལྷག་ལ་ཕེབས་པའི་རྒན་རྒོན་ཚོས་ས་ཆ་འདིར་རུས་སྦལ་ཞིག་ཡོད་པ་ཤེས་ཀྱི་ཡོད་པས་ང་ཚོས་མི་ཤུགས་ལ་བརྟེན་ནས་སྔོག་འདོན་བྱས་པ་ཡིན་ཞེས་བརྗོད།

འོན་ཅང་དོའི་གནའ་ཤུལ་གྱི་ད་ཆ་ཉར་ཚགས་ཐུབ་པའི་ལྷ་ཁང་དེར་འུ་ཤང་ལྷ་ཁང་ཟེར། དེར་མཚན་གཅིག་ལ་བཞེངས་པའི་ལྷ་ཁང་ཞེས་འབོད་སྲོལ་ཡོད། དུས་རབས་གོང་མའི་དུས་འགོར་དབྱ་ཐ་ལིའི་གྲགས་ཅན་གནའ་རྫས་རྟོག་ཞིབ་མཁས་པ་ཐུ་ཆི་སོགས་ཀྱིས་འུ་ཤང་ལྷ་ཁང་གི་རྡོ་རིང་པར་ལེན་བྱེད་མྱོང་བ་དང་། སྤྱི་ལོ2000ལོའི་རྗེས་ས་གནས་དེ་གའི་གྲོང་མིས་འུ་ཤང་ལྷ་ཁང་བསྐྱར་བཞེངས་བྱེད་སྐབས་ཀ་རྡོ་དང་། རྡོ་རིང་གི་ཤུལ། རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་སོགས་སྔོག་འདོན་ཐུབ་ཡོད།

སྤྱི་ལོ2021ལོའི་ཟླ7པ་ནས9པ་བར། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་འོན་ཅང་དོའི་གནའ་ཤུལ་ལ་དང་ཐོག་མའི་སྔོག་འདོན་གཙང་བཤེར་བྱས་ཤིང་། རྒྱ་ཁྱོན་ལ་སྨི་ངོས་སྙོམ་གྲུ་བཞི་མ515སྔོག་འདོན་བྱས་པ་དང་གཏིང་ཟབ་ཤོས་ལ་སྨི7ཟིན་ཡོད། དེའི་ཁྲོད་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་རའི་འོག་ཏུ་དབྱིབས་གྲུ་བཞི་ནར་མོ་ཡིན་པའི་རྡོ་རིང་གི་ར་སྐོར་དང་རྡོ་རིང་བསིལ་ཁང་གི་རྩིག་རྨང་ཡོད་པ་རེད།
ཧྲའན་ཞི་ཞིན་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་གྱིས། ང་ཚོས་འོན་ཅང་དོ་གནའ་ཤུལ་གྱི་རུས་སྦལ་གཟུགས་ཀྱི་ཞབས་ར་དེ་གཞི་རྩའི་ཐོག་རང་སོར་གནས་པ་ཤེས་རྟོགས་བྱུང་། རྡོ་རིང་དེའི་འོག་ལ་རུས་སྦལ་གཟུགས་ཀྱི་ཞབས་ར་དང་སྟེང་ལ་རྒྱ་ཕིབས་ཡོད་པ། དེ་ནི་ཐང་བོད་མཐུན་འབྲེལ་རྡོ་རིང་དང་གཅིག་པ་རེད་འདུག སྤྱི་ལོའི་དུས་རབས་བདུན་པར་སྲོང་བཙན་སྒམ་པོས་སྟོབས་འབྱོར་ལྡན་པའི་བོད་བཙན་པོའི་རྒྱལ་རབས་བཙུགས་པ་དང་། རང་ཉིད་བཙན་པོ33པར་གྱུར་བ་མ་ཟད་ཐང་རྒྱལ་རབས་ནས་འུན་ཤིང་ཀོང་ཇོ་བཙུན་མར་བཞེས། དེ་རྗེས་བོད་ལྗོངས་སུ་ཐང་རྒྱལ་རབས་ཀྱི་རྡོ་རིང་གི་ཁྱད་ཆོས་ལྡན་པའི་བོད་བཙན་པོའི་རྡོ་རིང་གྲགས་ཅན་མི་ཉུང་བ་ཞིག་ཐོན་པ་དང་། དབྱིབས་ནི་རྡོ་རིང་གི་རྩེ་མོ་དང་། རྡོ་རིང་གི་གཟུགས། རྡོ་རིང་གི་ཞབས་སྟེགས་བཅས་གཅིག་འབྲེལ་གྱི་རྣམ་པར་གནས། སྤྱི་ལོ823ལོར་བོད་ཀྱི་བཙན་པོ41པ་ཁྲི་གཙུག་ལྡེ་བཙན་གྱིས་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཐང་བོད་མནའ་མཐུན་རྡོ་རིང་བཞེངས་ཡོད། དེ་ནི་རྒྱ་བོད་མཐུན་སྒྲིལ་མཛའ་གྲོགས་ཀྱི་ལོ་རྒྱུས་དཔང་པོ་གལ་ཆེན་ཞིག་རེད།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ནུབ་བྱང་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཀྲང་ཅན་ལིན་གྱིས། བོད་བཙན་པོའི་བང་སོའི་ཁྲི་ལྡེ་སྲོང་བཙན་རྡོ་རིང་དང་ད་དུང་འཕྱོངས་རྒྱས་ཟམ་པའི་རྡོ་རིང་། དེ་བཞིན་སྣང་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ནས་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་རྙེད་པ་བཅས་ཚང་མས་དཔང་པོ་ཐུབ་པར་བོད་བཙན་པོའི་དུས་ཀྱི་རྡོ་རིང་ནི་རུས་སྦལ་གཟུགས་ཀྱིས་རྡོ་རིང་གི་ཞབས་ར་བྱས་པའི་བཟོ་དབྱིབས་ཡིན་པ་དང་། དེ་ནི་སྐབས་དེ་དུས་དར་སོ་ཆེ་བའི་བཟོ་དབྱིབས་ཤིག་རེད་ཅེས་གསུངས།
ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ30ཡོད་པའི་སར་བོད་བཙན་པོའི་སྐབས་ཀྱི་འཛུགས་སྐྲུན་གྱི་གནའ་ཤུལ་གལ་ཆེན་འདི་འདྲ་ཡོང་དོན་ཅི་ཡིན་ནམ་ཞེ་ན། རིགས་གཅིག་མཁས་པས། འོན་ཅང་དོའི་ཟིན་ཐོར་འཁོད་པ་ནི་ཏུན་ཧོང་གི་བོད་བཙན་པོའི་བོད་ཡིག་ཡིག་ཚང་དོན་ཆེན་ལོ་རྩིས་ནང་ཐེངས་དང་པོར་ཐོན་པ་དང་། སྤྱི་ལོ700ལོ་ནས712ལོ་བར་སྐབས་དེ་དུས་ཀྱི་བཙུན་མོ་ཁྲི་མ་ལོད་ཀྱིས་སྲིད་སྐྱོང་བའི་དུས་སྐབས་ཀྱི་ཕོ་བྲང་ཞིག་ཡིན་པ་དང་། དེ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་མནའ་མཐུན་དང་། འདུ་ཚོགས། བཀའ་ཡིག་བཀྲམ་ས་བཅས་རེད། རྒྱ་བོད་ལོ་རྒྱུས་དེབ་ཐེར་སོགས་ཚད་ལྡན་ཡིག་ཆའི་ནང་འཁོད་པར། སྤྱི་ལོ806ལོར་བཙན་པོ་ཁྲི་གཙུག་ལྡེ་བཙན་འོན་ཅང་དོར་སྐུ་འཁྲུངས་པ་དང་། སྤྱི་ལོ831ལོར་འོན་ཅང་དོ་དགོན་པ་ཕྱག་བཏབ་ཅིང་། སྐབས་དེ་དུས་ཀྱི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ལ་གྱུར་ཡོད།


ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་གྱིས། བོད་བཙན་པོའི་དུས་སྐབས་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་བར་གྱུར་པའི་གནས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ང་ཚོས་འོན་ཅང་དོའི་གནའ་ཤུལ་དུ་ཐང་རྒྱལ་རབས་སྐབས་ཀྱི་རྡོ་རིང་གི་ཉམས་འགྱུར་ལྡན་པའི་བོད་བཙན་པོའི་རྒྱལ་རབས་ཀྱི་རིམ་པ་མཐོ་བའི་རུས་སྦལ་གཟུགས་ཀྱི་རྡོ་རིང་ཞབས་ར་རྙེད་པ་ནི་ཡ་མཚན་དགོས་པ་ཞིག་མ་རེད་ཅེས་གསུངས།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཁྲེན་ཆིང་གིས། ད་ལྟ་ང་ཚོ་འོན་ཅང་དོའི་གནའ་ཤུལ་གྱི་ལྷོ་ནུབ་མཚམས་སུ་ཡོད། ཤར་ལྷོ་ནུབ་བྱང་ལ་ཁྱོན་མཆོད་རྟེན་བཞི་འདུག མཆོད་རྟེན་བཞི་པོའི་དབུས་སུ་ཁྱེད་རྣམ་པའི་མཐོང་ཆོས་སུ་གྱུར་བ་དེ་ནི་ད་བར་ཉར་ཚགས་ཐུབ་པའི་འུ་ཤང་ལྷ་ཁང་རེད།
ཐིག་ལེན་རིས་འབྲི་བརྒྱུད་ང་ཚོས་མཆོད་རྟེན་བཞི་པོ་མཐོང་ཐུབ་པ་དང་། གནའ་ཤུལ་གྱི་མཐའ་བཞིར་ཁྱབ་ཅིང་། མཆོད་རྟེན་བར་བར་ཐག་སྨི180ཡོད་པ་དང་། དབུས་སུ་རྟེན་གཙོ་ལྷ་ཁང་དང་། མཐའ་བཞི་ར་བས་སྐོར་ཡོད།

ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་གྱིས། འོན་ཅང་དོའི་གནའ་ཤུལ་ཁུལ་གཙོ་བོའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བདུན་ཁྲི་ཙམ་ཡོད་པ་དང་། ལྟེ་བའི་ཁུལ་གྱི་ཟུར་བཞི་པོར་རྩིག་རྨང་ཆེ་བའི་མཆོད་རྟེན་བཞི་ཡོད། བཟོ་བཀོད་དེ་ལྟ་བུ་ནི་བོད་བཙན་པོའི་སྐབས་ཀྱི་གྲགས་ཅན་དགོན་སྡེ་བསམ་ཡས་དགོན་ཤིན་ཏུ་འདྲ་ཞེས་གསུངས།
ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ནུབ་བྱང་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཀྲང་ཅན་ལིན་གྱིས། དེར་བཙན་པོའི་སྐབས་ཀྱི་དགོན་སྡེ་ཆེ་གྲས་ཀྱི་ཐུན་མོང་ཁྱད་ཆོས་ལྡན་ཡོད་པ་སྟེ། དབུས་སུ་ལྷ་ཁང་དང་ཕྱོགས་བཞིར་མཆོད་རྟེན་ཆེན་པོ་རེ་ཡོད་པ། མཐའ་བཞི་གྱང་གིས་བསྐོར་བ་ཞིག་རེད།གནའ་རྫས་རྟོག་ཞིབ་པས་ད་དུང་ས་རིམ་དང་གནའ་ཤུལ་ཁྲོད་ནས་སྲོག་ཆགས་ཀྱི་རུས་པ་མང་པོ་ཞིག་རྙེད་ཡོད་ཅེས་གསུངས།
ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འགོ་འཛིན། ཀྲང་པོ་ཡིས། ཐན་ལོ་བཅུ་བཞིའི་ལོ་རྩིས་ལྟར་ན། དངོས་དཔེ་དེ་སྤྱི་ལོའི་དུས་རབས8པ་ནས9པ་བར་ཏེ། བཙན་པོའི་དུས་སྐབས་སུ་ཡིན། དེའི་ཐོག་ནས་མཆོད་རྟེན་དེ་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་བཞེངས་པའི་འོན་ཅང་དོའི་སྨོན་ལམ་ལྷ་ཁང་གི་གྲུབ་ཆ་གལ་ཆེན་ཞིག་རེད།

དུས་རབས་བརྒྱད་པའི་དུས་འགོའི་བཙན་པོའི་རྒྱལ་རབས་ཀྱི་ཕོ་བྲང་འོན་ཅང་དོ་ནས་དུས་རབས་དགུ་པའི་འོན་ཅང་དོ་དགོན་པའི་བར་དང་། དེ་ནས་གཞི་ཁྱོན་ཅུང་ཆུང་བའི་འུ་ཤང་ལྷ་ཁང་བསྐྱར་སྐྲུན་བྱས་པའི་བར་འོན་ཅང་དོའི་གནའ་ཤུལ་གྱི་ལོ་རྒྱུས་འཕོ་འགྱུར་གྱིས་བོད་བཙན་པོའི་དུས་ཀྱི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་མཐོ་རིམ་འཛུགས་སྐྲུན་གྱི་གནའ་ཤུལ་གྱི་བཀོད་པ་དང་ཁྱབ་ཚུལ་ལ་ཞིབ་འཇུག་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཅེས་གསུངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།