རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གི་ཡོངས་འཛིན་རྟེན་གཞི་བསྐྲུན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-04-17 17:14:59 ཀློག་གྲངས།:
མཚོ་སྔོན་དགེ་འོས་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གི་ཡོངས་འཛིན་རྟེན་གཞི་བསྐྲུན་པ།

       རྒྱལ་ཡོངས་ཀྱི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ“ཡོངས་འཛིན”ཤར་གཏོང་བྱས་པ་ནས་བཟུང་། རྒྱུན་ཆད་མེད་པར་མ་ལག་གསར་སྒྱུར་རིམ་སྤར་བྱས་ཤིང་། སྲོག་ཤིང་ལག་རྩལ་ལ་ཞིབ་འཇུག་བྱས། དེས་ན“ཡོངས་འཛིན”ནི་ཅི་ཞིག་ཡིན་པ་དང་། དེའི་བྱེད་ནུས་ནི་དོན་དམ་པར་ག་འདྲ་ཞིག་ཡིན་ནམ།
       བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་པར་ཀྲོང་ངེར་གནས་ཡོད། ཞིབ་འཇུག་ལྟེ་གནས་ནི་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད། གསོ་སྦྱོང་། མྱོང་རོལ། གྲུབ་འབྲས་འགྲེམ་ཚོང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་ཤིང་བྱེད་ནུས་དང་ལས་སྒོ་མང་བའི་གསོ་སྤེལ་རྟེན་གཞི་ཞིག་ཡིན་ལ། ཁྱོན་བསྡོམས་བོད་ཡིག་གཞི་གྲངས་ལྟེ་གནས་དང་། ཐོན་རྫས་འགྲེམ་ཚོང་ལྟེ་གནས། ཁེ་ལས་ཆུང་གྲས་གསོ་སྤེལ་ལྟེ་གནས་བཅས་བྱེད་ནུས་ཁུལ་གསུམ་གྱིས་གྲུབ་ཡོད་དེ། གནས་དེ་ནི“ཡོངས་འཛིན”གྱི་ཐོག་མའི་བལྟམས་ཡུལ་ཡིན། “ཡོངས་འཛིན”ནི་འཚོལ་བཤེར་མ་ལག་ཅིག་ཡིན་ལ། མཉམ་འབྲེལ་དྲ་རྒྱའི་བོད་ཡིག་ཆ་འཕྲིན་ཅན་གྱི་ཐོན་ཁུངས་ལ་དམིགས་ཏེ། མང་ཚོགས་ཀྱིས་གསར་འགྱུར་དང་རིག་མཛོད། རིག་བརྒྱ་སོགས་ཀྱི་ནང་དོན་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་ཞིང་ཁྱབ་ཁོངས30ལྷག་ཁེབས་པའི་བདག་ཉིད་ཅན་ཞིག་ཀྱང་ཡིན།
འཚོལ་བཤེར་མ་ལག་ཅིག རིག་བརྒྱའི་གཏེར་མཛོད་ཅིག
       མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་རྡོ་ཁོ་ཡིས་གསར་འགོད་པར་བཤད་རྒྱུར། “ཡོངས་འཛིན”འཚོལ་བཤེར་མ་ལག་ནི་གཙོ་བོ་དྲ་ངོས་འཚོལ་བཤེར་དང་གསར་འགྱུར་འཚོར་བཤེར། པར་རིས་འཚོལ་བཤེར། གླུ་དབྱངས་མ་ལག བརྙན་རིས་མ་ལག རིག་བརྒྱའི་མ་ལག རིག་མཛོད་མ་ལག ཡོངས་འཛིན་དྲིས་ལན་སོགས་ཀྱིས་གྲུབ་ཡོད་ལ། མིག་སྔར་ཆེས་རྒྱུག་ཆེ་བའི་རྩི་ཐབས་སྤྱོད་བཞིན་ཡོད་པས། བོད་ཡིག་གི་མིང་གི་རིགས་དབྱེའི་རྣམ་གཞག་འབྱེད་པ་དང་སྐད་བརྡའི་དབྱེ་ཞིབ་མ་ལག་གསར་སྤེལ་བྱེད་པ། གཞི་རྒྱ་ཆེ་བའི་སྦྱོང་བརྡར་གྱི་སྐད་བརྡའི་མཛོད་སྐྲུན་པ། དྲ་ངོས་འཚོལ་སྡུད་དང་རྩོམ་ཡིག་ཆ་ཚང་འཚོལ་བ། ནང་དོན་དོ་དམ། དྲ་ཚིགས་ཀྱི་མདུན་སྟེགས་འཚོལ་བཤེར་སོགས་མ་ལག་གི་སྒྲོམ་གཞི་བཙུགས་ནས། དྲ་ངོས་འཚོལ་བཤེར་སོགས་ཉེར་སྤྱོད་མ་ལག་མང་པོ་ཞིག་གི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་ཡོད།
       “‘ཡོངས་འཛིན’ནི་རིག་བརྒྱའི་གཏེར་མཛོད་ཅིག་དང་འདྲ”ཞེས་རྡོ་ཁོ་ཡིས་བཤད་པ་དང་། དེའི་ཁྲོད་དུ“ཡོངས་འཛིན་འཛུགས་སྐྲུན”ལ་བོད་ཡིག་གི་ཡིག་ཚང་དང་བསྟན་བཅོས་ཁྲི5དང་། “ཡོངས་འཛིན་རིག་བརྒྱ”ལ་ཤེས་བྱ་དུམ་ཚན་ཁྲི8དུ་ཉེ་བ་ཡོད་ཅིང་། “ཡོངས་འཛིན་རིག་མཛོད”ལ་རྩོམ་ཡིག་ཁྲི18ལྷག་དང། “ཡོངས་འཛིན་དྲིས་ལན”ལ་དྲི་བ་དྲིས་ལན་ཁྲི6ལྷག་བཅས་ཡོད། ཞིབ་འཇུག་ལྟེ་གནས་ཀྱིས་གཞི་གྲངས་ཀྱི་ཐོན་ཁུངས་ཇེ་བརྟན་དུ་གཏོང་བ་དང་། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པ་བཅས་ཀྱིས། བོད་ཡིག་གི་མིང་གི་ངོས་འཛིན་རྟགས་མཆན་བཀོད་པའི་ཡིག་མཛོད་མིང་བརྡ་ཁྲི700རུ་ཉེ་བ་དང་། རྒྱ་བོད་དོ་མཉམ་པའི་ཡིག་མཛོད་ཀྱི་ཚིག་གྲུབ་ཁྲི100། སྐད་གདངས་ཀྱི་སྐད་མཛོད་སྐད་ཆ་ཐུང་ངུ་ཁྲི2། རྟེན་དང་བརྟེན་པའི་ཚིག་གི་རྣམ་པ་ཁྲི1བཅས་བསྐྲུན་པ་ལ་བརྟེན་ནས། རྒྱ་བོད་འཕྲུལ་ཆས་ཀྱི་ལོ་ཙཱ་དང་བོད་སྐད་ཀྱི་སྒྲ་གདངས་ངོས་འཛིན་དང་འདྲེས་སྦྱོར་ལ་རྨང་གཞི་སྔར་བས་བརྟན་པོ་བཏིང་ཡོད།
       ད་ལྟ། ཡོངས་འཛིན་འཚོལ་བཤེར་མ་ལག་གིས་རིམ་གསུམ་ཚད་ལེན་དཔྱད་འཇོག་དང་ཡོངས་འཛིན་འཇུག་ཐབས་ཀྱིས་རིམ་གཉིས་ཚད་ལེན་དཔྱད་འཇོག་བརྒྱུད་དེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བརྙན་ལམ་ཆེད་སྒྲིག་ལེ་ཚན་ཇེ་མང་དུ་བཏང་ནས། ཡོངས་འཛིན་གྱི་ཕྱོད་མཐོའི་ནུར་འབུ་དང་བཅས་པའི་འཚོལ་བཤེར་མ་ལག་ལེགས་བསྒྱུར་དང་འདུས་གྲུབ་མངོན་འགྱུར་བྱུང་ཞིང་། དུས་མཚུངས་སུ་ཡོངས་འཛིནAPPདང་ཡོངས་འཛིན་འཇུག་ཐབས་རྒྱུན་ཆད་མེད་པར་གསར་སྒྱུར་བྱས་པས། ཡོངས་འཛིན་གྱི་སྟེགས་བུའི་ནུས་པ་ཟམ་མི་ཆད་པར་མཐོར་འདེགས་བཏང་ཡོད།
སྤྱོད་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་ཁྱབ་པ།
       མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དཀོན་མཆོག་རྡོ་རྗེ་ཡིས་བཤད་རྒྱུར། “ཡོངས་འཛིན”བཙུགས་ཚུན་ལ། ལག་རྩལ་རྒྱུན་མཐུད་ངང་རིམ་སྤར་བྱས་ཏེ་པར་གཞི་གསར་པའི་ཡོངས་འཛིནAPPདང་ཡོངས་འཛིན་འཇུག་ཐབས་གཉིས་བཏོན་ལ། ཁྱོན་བསྡོམས་ཕབ་ལེན་བྱེད་ཐེངས་ཁྲི300རུ་སླེབས་པ་དང་། “ཡོངས་འཛིན”སྤྱོད་མཁན་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ34དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་ཁྱབ་ནས་སྤྱིའི་རྡེབ་ཐེངས་དུང་ཕྱུར56ཟིན་ལ། མིང་དངོས་ཀྱི་ཐོག་ནས་ཐོ་འགོད་བྱས་པའི་སྤྱོད་མཁན་ཁྲི8.6ལྷག་ཟིན་ཡོད།
       ལོ་འདི་འགའི་རིང་ལ། ཞིབ་འཇུག་ལྟེ་གནས་ཀྱིས་རྒྱུན་ཆད་མེད་པར་གྲངས་གཞི་ཇེ་བརྟན་དུ་བཏང་ནས་མ་ལག་གི་པར་གཞི་གསར་པ་བཙུགས་ཤིང་། ཞིབ་བཤེར་ཚད་ལེན་བྱེད་ཚད་དང་། ཞིབ་བཤེར་ཆ་ཚང་། ནུར་འབུ། ཞིབ་འཚོལ་སོགས་ཐད་ཀྱི་རིམ་སྤར་གཙོར་བྱས་ནས། མ་ལག་ཁེགས་པ་སོགས་ཀྱི་གནད་དོན་ཐག་བཅད་ཡོད། “ད་ལྟ་མདུན་སྣེའི་ནང་དོན་ལ་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། གྲངས་འབོར་གཏོས་ཆེ་བའི་ཚབ་ཨང་མང་པོ་བཟོ་དགོས་པས། མ་ལག་འཐུས་ཚང་དུ་གཏོང་བར་ཟླ་ངོ10འགོར་གྱིན་ཡོད”ཅེས་དཀོན་མཆོག་རྡོ་རྗེས་བཤད།
       “ཡོངས་འཛིན”གྱི་སྲོག་ཤིང་ནི་གཞི་གྲངས་མཛོད་ཡིན། རང་ཞིང་གི་ཞིང་ཆེན་དང་པུའུ་ཡིས་བོད་སྐད་ཡིག་གི་ཆ་འཕྲིན་དང་དེའི་ཉེར་སྤྱོད་རྟེན་གཞི་མཉམ་དུ་སྐྲུན་པའི་བླང་བྱ་ལྟར། “ཡོངས་འཛིན”གྱིས་ད་དུང་རང་ཉིད་ཀྱི་སྐད་གདངས་དབྱེ་འབྱེད་ཀྱི་མཉེན་ཆས་དང་འཕྲུལ་ཆས་ཀྱི་མི་གསར་སྤེལ་བྱེད་རྩིས་ཡོད། མཚོ་ལྷོ་ཁུལ་གྱིས་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གདན་དྲངས་པ་བརྒྱུད། ཡོངས་འཛིན་གྱི“ལྔ་བཅུ་བཞི”འཆར་འགོད་ཀྱི་དུས་མགོའི་གཙོ་གནད་ལས་གཞིའི་ཞིབ་འཇུག་སྙན་ཞུ་བཟོས་ཚར་ཞིང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚན་ཞིབ་ཚན་སྤེལ་རྟེན་གཞི་ཡི་ཆོག་མཆན་ཐོབ་པར་མ་ཟད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་སོགས་དང་འབྲེལ་མཐུད་ཀྱང་བྱས་ཡོད།
       ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མཐུན་སྦྱོར་སྐུལ་འདེད་བྱས་པ་དང་། ཞིང་ཆེན་ཚན་རྩལ་ཐིང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་བརྒྱུད། ཟླ3པའི་ཚེས24ཉིན། ཞིང་ཆེན་དང་པུའུ་ཡིས་བོད་ཡིག་ཆ་འཕྲིན་དང་ཉེར་སྤྱོད་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་མཉམ་དུ་སྐྲུན་པའི་ཡོངས་འཛིན་རྟེན་གཞིའི་སྒོ་བྱང་དངོས་སུ་བཀལ་བ་དང་། རྟེན་གཞི་ཡིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་པ་དེ་ཁྲིད་སྟོན་དུ་བཟུང་བ་དང་། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་། ལས་སྟེགས་ཀྱི་ནང་དོན་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་ཆེར་བསྐྱེད་པ། ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད“ཡོངས་འཛིན”གྱི་བྱས་རྗེས་འཇོག་རྒྱུ་རེད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།