མཚོ་སྔོན་ཞིང་ཆེན་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་སྲོལ་ཡིག
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་ཉི་ཟེར་སྲིད་དོན་འཕྲིན་སྟེགས།
དུས་ཚོད།:2023-08-18 08:24:16
ཀློག་གྲངས།:
(2021ལོའི་ཟླ3པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་བཞི་བའི་སྟེང་གྲོས་འཆམ་བྱུང་།)
དོན་ཚན་དང་པོ། བྱི་བའི་རིམས་ནད་འབྱུང་བ་དང་མཆེད་པར་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་དང་། མིའི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་། རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱེད་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོས་ནད་འགོག་བཅོས་བཅའ་ཁྲིམས»དང་། «ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་རྐྱེན་མྱུར་སེལ་སྲོལ་ཡིག»སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་སྟེ། ཞིང་ཆེན་དེའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།དོན་ཚན་གཉིས་པ། ཞིང་ཆེན་དེའི་སྲིད་འཛིན་ས་ཁོངས་ནང་གི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལྟ་སྐུལ་དོ་དམ་བཅས་ཀྱི་བྱེད་སྒོ་སྤེལ་བར་སྲོལ་ཡིག་འདི་སྤྱོད་ཆོག
དོན་ཚན་གསུམ་པ། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་སྔོན་འགོག་གཙོར་འཛིན་པ་དང་། འགོག་བཅོས་ཟུང་འབྲེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་གཞུང་གིས་འགན་འཁུར་བ་དང་རིམ་པ་སྒོས་དོ་དམ། ཚན་རིག་དང་མཐུན་པར་ཚོད་འཛིན། སྤྱི་ཚོགས་ཡོངས་ཞུགས་པ། ནུས་ཡོད་སྒོས་ཐག་གཅོད། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས།
དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་འགོད་བཟོ་བ། དཔྱད་ཞིབ་དཔྱད་དཔོག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགྲོ་གྲོན་ས་གནས་དེའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཁོངས་བར་དང་ལས་ཁུངས་བར་གྱི་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ་བཙུགས་ནས་ས་གནས་ཁག་བར་གྱི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
དོན་ཚན་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་མི་སྣ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལས་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་སྒྲུབ་མི་སྣའི་གླ་ཕོགས་ཁ་སྣོན་དང་ཁ་གསབ་རོགས་དངུལ་དོན་འཁྱོལ་བཅས་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེའི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལྟ་སྐུལ་དོ་དམ་གྱི་བྱ་བའི་འགན་འཁུར་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་དང་ལྷན་དུ་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་ཞིབ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་བཅོས་བསྒྱུར་དང་། བཟོ་ལས་དང་ཆ་འཕྲིན་ཅན། སྤྱི་བདེ། ནོར་སྲིད། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་ཞིང་སྡེ། རིག་གནས་ཡུལ་སྐོར། འཕྲལ་རྐྱེན་མྱུར་སེལ་དོ་དམ། མི་རིགས་ཆོས་ལུགས། ནགས་ལས་རྩྭ་ཐང་། ཚོང་རའི་ལྟ་སྐུལ་དོ་དམ་སོགས་ལས་ཁུངས་ཀྱིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱ་བའི་འགན་འཁུར་རྒྱུ།
དོན་ཚན་བདུན་པ། རིམ་པ་ཁག་གི་ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་བྱི་བའི་རིམས་ནད་བྱུང་ཚུལ་ལ་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན། ནད་ཡམས་རིག་པའི་བརྟག་དཔྱད། སྔོན་དཔག རིམས་ནད་སྙན་ཞུ་བཅས་དང་དེ་བཞིན་སྔོན་འགོག་ཚོད་འཛིན་གྱི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།
དོན་ཚན་བརྒྱད་པ། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་སྒྲུབ་ཁང་གིས་མང་ཚོགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་ལྟར་མངའ་ཁོངས་ས་ཁུལ་དེའི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། སྡོད་དམངས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོ་ལེགས་པར་སྤེལ་བ་དང་། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ནས་སྡོད་དམངས་དང་སྡེ་དམངས། སྡེ་ཁུལ། རོང་འབྲོག་ཁུལ་གྱི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་རྩ་འཛུགས་བྱེད་དགོས། གཞིས་ལས་ཞབས་ཞུ་བས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ནང་ཞུགས་ནས་སྲིད་གཞུང་གི་ཁྲིམས་ལྟར་ལག་བསྟར་བྱེད་པའི་འཕྲེལ་རྐྱེན་མྱུར་སེལ་དོ་དམ་གྱི་བྱེད་ཐབས་གཞན་དག་ལག་བསྟར་བྱེད་དགོས།
དོན་ཚན་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱ་བར་ཤུགས་སྣོན་བརྒྱབ་ཅིང་། རྣམ་པ་སྣ་མང་ལ་བརྟེན་ནས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས། རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་བ་སོགས་སྨྱན་སྦྱོར་གྱིས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྤྱི་ཕན་དྲིལ་བསྒྲགས་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་བྱི་བའི་རིམས་ནད་སྔོན་འགོག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ལོ་རེའི་ཟླ་བཞི་བ་ནི་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་ཟླ་བ་ཡིན།
དོན་ཚན་བཅུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། དང་བླངས་པ་ཞུགས་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མཉམ་དུ་སྤེལ་དགོས། གསོ་རིག་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་གིས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གསོ་རིག་སློབ་གསོ་དང་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་དང་། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བྱ་དགོས།
དོན་ཚན་བཅུ་གཅིག་པ། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཞུགས་ནས་ནད་ཕོག་པ་དང་། དབང་པོ་སྐྱོན་ཤོར་བ། ཚེ་ལས་འདས་པ་བཅས་ཀྱི་མི་སྣར་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་དང་གཟིགས་སྐྱོང་དངུལ་སྤྲོད་དགོས།
དོན་ཚན་བཅུ་གཉིས་པ། ཞིང་ཆེན་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་བྱི་བའི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཇུས་གཞི་དང་སྔོན་འགོག་ཚོད་འཛིན་བྱ་བའི་འཆར་གཞི་གཏན་འབེབས་བྱེད་དགོས། བྱི་བའི་རིམས་ནད་ཀྱི་རང་བྱུང་ནད་གཞིའི་ས་ཁུལ་གྱི་གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ཇུས་གཞི་བཟོས་ནས། ལྟ་ཞིབ་ཚད་ལེན་གྱི་བརྟག་དཔྱད་དང་གྱོང་ཉེན་དཔྱད་དཔོག་བྱེད་པར་རྩ་འཛུགས་བྱས་ཤིང་སྔོན་འགོག་བྱེད་ཐབས་སྤྱད་དེ་བྱི་བའི་རིམས་ནད་ཐོན་པ་དང་མཆེད་པ་བཀག་འགོག་བྱེད་དགོས།
དོན་ཚན་བཅུ་གསུམ་པ། བྱི་བའི་རིམས་ནད་ཀྱི་རང་བྱུང་རིམས་ནད་འབྱུང་གནས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཏན་འཇགས་ལྟ་ཞིབ་ཚད་ལེན་བྱེད་གནས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། དགོས་ངེས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་ལས་བྱེད་མི་སྣ་བཀོད་སྒྲིག་བཅས་བྱས་ཏེ་བྱི་བའི་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གི་བྱི་བའི་རིམས་ནད་ཚོད་འཛིན་གྱི་འཕྲལ་རྐྱེན་མྱུར་སེལ་གྲ་སྒྲིག་འཆར་གཞི་ལ་གཞིགས་ནས། སྲིད་འཛིན་ས་ཁོངས་དེའི་བྱི་བའི་རིམས་ནད་ཚོད་འཛིན་གྱི་འཕྲལ་རྐྱེན་མྱུར་སེལ་གྲ་སྒྲིག་འཆར་གཞི་བཟོས་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ཏེ་སྤྱི་བསྒྲགས་བྱ་དགོས།
དོན་ཚན་བཅོ་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་བའི་རིམས་ནད་ཚོད་འཛིན་གྱི་འཕྲལ་རྐྱེན་མྱུར་སེལ་གྲ་སྒྲིག་འཆར་གཞི་ལྟར། འཕྲལ་རྐྱེན་མྱུར་སེལ་བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕྲལ་རྐྱེན་མྱུར་སེལ་དངོས་རྫས་གསོག་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་དཔུང་ཁག་རྩ་འཛུགས་བྱེད་པ། དུས་བཀག་ལྟར་འཕྲལ་རྐྱེན་མྱུར་སེལ་ཐད་ཀྱི་སྦྱོང་བརྡར་བྱེད་པ། འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱི་བའི་རིམས་ནད་ཞིབ་བཤེར་བྱེད་པའི་ཚོད་ལྟ་ཁང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཚོད་ལྟ་ཁང་གི་ཞིབ་བཤེར་སྤུས་ཚད་དང་མགྱོགས་མྱུར་ངང་ཞིབ་བཤེར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་བྱི་བའི་རིམས་ནད་ཞིབ་བཤེར་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། བྱི་བའི་རིམས་ནད་ཀྱི་ནད་གཞི་དང་བྱི་བའི་རིམས་ནད་ཀྱི་ཞིབ་དཔྱད་མ་དཔེ་འཚོལ་བསྡུ་དང་ཉར་ཚགས། སྐྱེལ་འདྲེན་བེད་སྤྱོད་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།
དོན་ཚན་བཅུ་བདུན་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚ་བ་རྒྱས་པའི་ནད་པར་སྔོན་ལ་སྨན་བཅོས་བྱེད་དུ་འཇུག་པ་དང་ཐོག་མར་སྨན་བཅོས་བྱེད་མཁན་སྨན་པ་དཀའ་བཅུ་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་གཞོགས་འདེགས་བྱས་ནས་རིམས་ནད་བྱུང་ཚུལ་གྱི་སྙན་ཞུ་དང་། རིམས་ནད་རིག་པའི་བརྟག་དཔྱད། མ་དཔེ་འཚོལ་བསྡུ། བྱི་བའི་རིམས་ནད་ཡིན་པར་དོགས་པའི་ནད་པ་ཟུར་དུ་བཀར་ནས་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་དགོས།
དོན་ཚན་བཅོ་བརྒྱད་པ། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་སྲོག་ཆགས་བྱི་བའི་རིམས་ནད་དང་། མི་ཚོགས་ཀྱི་ནང་དུ་བྱི་བའི་རིམས་ནད་ཕོག་པའམ་མི་ཚོགས་ཀྱི་ནང་དུ་བྱི་བའི་རིམས་ནད་ཕོག་པའི་དོགས་ཡོད་ནད་པ་ཡོད་པའི་གནས་ཚུལ་གཏན་ཁེལ་བྱུང་རྗེས། ཆུ་ཚོད་གཉིས་ནང་དུ་ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་དང་རིམ་པ་གོང་མའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ལ་སྙན་སེང་ཞུ་དགོས། སྙན་ཞུ་འབྱོར་བའི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་མྱུར་དུ་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་བྱི་བའི་རིམས་ནད་བྱུང་ཚུལ་སྐོར་གྱི་ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ཁྱབ་བསྒྲགས་བཅས་བྱས་ཏེ་གླེང་ཕྱོགས་ལ་དོ་དམ་དང་ཚོད་འཛིན། ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་དགུ་བ། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་བྱི་བའི་རིམས་ནད་ཕོག་པའི་དོགས་ཡོད་ནད་པ་མཐོང་ཚེ་འཕྲལ་མར་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་སམ་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ལ་སྙན་སེང་ཞུ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་སྤྱི་བའི་འཕྲོད་བསྟེན་ཐད་སྦྲེལ་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་ཏེ། འབྲེལ་ཡོད་ཀྱི་སྙན་སེང་ཞུ་ཡིག་དུས་ཐོག་ཏུ་བདག་སྤྲོད་དང་བརྟག་དཔྱད། ཐག་གཅོད་བཅས་བྱེད་དགོས།
དོན་ཚན་ཉི་ཤུ་བ། བྱི་བའི་རིམས་ནད་བྱུང་བའི་ས་གནས་དང་ནད་དབྱིབས། གྲངས་ཀ ཁྱབ་པའི་ཁྱབ་ཁོངས། འཕེལ་ཕྱོགས་བཅས་དང་དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ལ་གཞིགས་ནས། མི་ཚོགས་སུ་བྱི་བའི་རིམས་ནད་དེ་ཤིན་ཏུ་ཚབས་ཆེ་བ(རིམ་པ་དང་པོ)དང་། ཚབས་ཆེན(རིམ་པ་གཉིས་པ)ཅུང་ཚབས་ཆེ་བ(རིམ་པ་གསུམ་པ)སྤྱིར་བཏང(རིམ་པ་བཞི་པ)བཅས་སུ་དབྱེ་དགོས། མི་ཚོགས་ཀྱི་ནང་དུ་བྱི་བའི་རིམས་ནད་ཀྱི་རིམ་པ་དབྱེ་བའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། བྱི་བའི་རིམས་ནད་ཤིན་ཏུ་ཚབས་བ(རིམ་པ་དང་པོ)ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འཁེལ་བྱེད་དགོས། བྱི་བའི་རིམས་ནད་ཚབས་ཆེན་གྱི་རིགས(རིམ་པ་གཉིས་པ)ནི་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འཁེལ་བྱེད་དགོས། བྱི་བའི་རིམས་ནད་ཅུང་ཚབས་ཆེ་བ(རིམ་པ་གསུམ་པ)ནི་གྲོང་ཁྱེར(ཁུལ)རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འཁེལ་བྱེད་དགོས། སྤྱིར་བཏང་གི་བྱི་བའི་རིམས་ནད(རིམ་པ་བཞི་པ)ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འཁེལ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། བྱི་བའི་རིམས་ནད་བྱུང་སྐབས། རིམས་ནད་བྱུང་ཡུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ། བྱི་བའི་རིམས་ནད་ཚོད་འཛིན་གྱི་འཕྲལ་རྐྱེན་མྱུར་སེལ་གྲ་སྒྲིག་འཆར་གཞི་ལག་བསྟར་བྱེད་དགོས་པ་དང་། གཤམ་གསལ་བྱེད་ཐབས་སྤྱོད་རྒྱུ་དང་འབྲེལ་སྤྱི་བསྒྲགས་ཀྱང་བྱེད་དགོས་པ་སྟེ། (གཅིག)འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་བཀོད་འདོམས་པུའུ་བཙུགས་ནས་རིམ་པ་དེར་བསྟུན་གྱི་འཕྲལ་རྐྱེན་མྱུར་སེལ་དང་ལེན་བྱེད་དགོས། (གཉིས)ཁྲིམས་ལྟར་ཚོད་འཛིན་ས་ཁོངས་དབྱེ་འབྱེད་གཏན་འབེབས་བྱེད་རྒྱུ། (གསུམ)མི་སྣ་དང་དངོས་ཟོག འགྲིམ་འགྲུལ་ཡོ་བྱད། འབྲེལ་ཡོད་སྒྲིག་བཀོད་དང་སྒྲིག་ཆས་བཅས་བསྡུ་རུབ་བྱེད་པ། (བཞི)བཅའ་ཁྲིམས་ལྟར་དབྱེ་འབྱེད་གཏན་འཁེལ་བྱས་པའི་ཚོད་འཛིན་ས་ཁོངས་སུ་ལས་མཚམས་འཇོག་པ་དང་སློབ་ཁྲིད་བྱེད་མཚམས་འཇོག་པ། (ལྔ)ཚོང་འདུས་དང་འདུ་ཚོགས་དེ་བཞིན་མི་ཚོགས་འདུ་འཛོམས་བྱེད་པའི་བྱེད་སྒོ་གཞན་དག་སྤེལ་མཚམས་འཇོག་པའམ་ཡང་ན་ཚོད་འཛིན་བྱེད་རྒྱུ། (དྲུག)བྱི་བའི་རིམས་ནད་ཕོག་པའི་ས་ཁུལ་ཟུར་དུ་བཀར་བའི་བྱེད་ཐབས་སྤྱོད་རྒྱུ་དང་། བྱི་བའི་རིམས་ནད་ཕོག་མཁན་དང་འབྲེལ་བ་ཡོད་པའི་མི་ཚོགས་ལ་གྲལ་བཤེར་བྱེད་རྒྱུ། བྱི་བའི་རིམས་ནད་ཕོག་པའི་དོགས་ཡོད་མཁན་ལ་ས་ཆ་དེ་རང་དུ་ཟུར་དུ་བཀར་ནས་ས་དེ་རུ་ལྟ་ཞིབ་དང་སྨན་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་གཅིག་སྡུད་དམ་ཡང་ན་ཁྱིམ་སྡོད་གསོ་རིག་གི་ཐོག་ནས་ལྟ་ཞིབ་བྱ་རྒྱུ། (བདུན)བྱི་བའི་རིམས་ནད་ཀྱི་འགྲིམ་འགྲུལ་འགོས་ནད་ཞིབ་བཤེར་བྱ་རྒྱུ། (བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་ཡིན། འཕྲལ་རྐྱེན་མྱུར་སེལ་དང་ལེན་ལེགས་སྒྲིག་དང་ཕྱིར་འཐེན་བྱ་རྒྱུ་ནི་དེ་སྔའི་གྲོས་ཐག་གཅོད་མཁན་ལས་ཁུངས་ཀྱིས་ཐག་གཅོད་དང་ཁྱབ་བསྒྲགས་བྱེད་རྒྱུ།
དོན་ཚན་ཉེར་གཉིས་པ། བྱི་བའི་རིམས་ནད་ཀྱི་རིམས་ནད་བྱུང་སྐབས། རིམས་ནད་བྱུང་ཡུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ།(གཅིག)བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་འཕྲོད་བསྟེན་གྱི་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ནས་བྱི་བའི་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་རྒྱུ། (གཉིས)བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས་བྱི་བའི་རིམས་ནད་ལ་དཔྱད་དཔོག་བྱེད་པ། (གསུམ)བྱི་བའི་རིམས་ནད་འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་རྒྱུ། (བཞི) སེམས་ཁམས་ཀྱི་གནོན་ཤུགས་སེལ་བའི་བྱ་བ་བསྒྲུབ་པར་ཐེ་གཏོགས་བྱེད་པའི་ལས་དོན་སྤེལ་བ། (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་ཡིན།
དོན་ཚན་ཉེར་གསུམ་པ། བྱི་བའི་རིམས་ནད་ཤེས་རྟོགས་བྱུང་བའམ་བྱི་བའི་རིམས་ནད་བྱུང་ཚུལ་གྱི་སྙན་ཞུ་འབྱོར་བའི་སྐབས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་དུས་ཐོག་ཏུ་གཤམ་གསལ་བྱེད་ཐབས་སྤྱོད་དགོས་པ་སྟེ།(གཅིག)བྱི་བའི་རིམས་ནད་བྱུང་ཚུལ་འཚོལ་སྡུད་དང་སྙན་ཞུ། དབྱེ་ཞིབ་བཅས་བྱ་རྒྱུ། (གཉིས)ཚོད་ལྟ་ཁང་དུ་ཞིབ་བཤེར་བྱ་རྒྱུ། (གསུམ)ནད་ཡམས་རིག་པའི་བརྟག་དཔྱད་བྱེད་པ། བརྟག་དཔྱད་བྱས་པའི་གནས་ཚུལ་ལ་གཞིགས་ནས་ནད་ཡམས་ཕོག་ཁུལ་དང་ནད་ཡམས་ཕོག་ཁུལ་གྱི་དབྱེ་མཚམས་འབྱེད་པའི་གྲོས་འཆར་བཏོན་ནས་སྦགས་བཙོག་ཕོག་ཁུལ་ལ་འཕྲོད་བསྟེན་ཐག་གཅོད་བྱེད་དགོས་པ་དང་། འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་གསོ་རིག་གི་ཐོག་ནས་ལྟ་ཞིབ་བྱེད་དགོས། (བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་ཡིན།
དོན་ཚན་ཉེར་བཞི་བ། བྱི་བའི་རིམས་ནད་ཕོག་མཁན་ནམ་ཡང་ན་བྱི་བའི་རིམས་ནད་ཕོག་པའི་དོགས་ཡོད་ནད་པ་ཤེས་རྟོགས་བྱུང་ཚེ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ།(གཅིག)ནད་པར་ཟུར་དུ་བཀར་ནས་སྨན་བཅོས་བྱེད་རྒྱུ། (གཉིས)རིམས་ནད་བྱུང་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་མི་སྣས་མ་དཔེ་འཚོལ་བསྡུ་དང་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་སྒྲུབ་པར་གཞོགས་འདེགས་བྱེད་རྒྱུ། (གསུམ)སྦགས་བཙོག་ཐེབས་པའི་ས་ཆ་དང་དངོས་རྫས། དེ་བཞིན་སྨན་བཅོས་སྙིགས་རོ་བཅས་ལ་ཁྲིམས་ལྟར་དུག་སེལ་དང་གནོད་མེད་ཅན་དུ་གཙང་བཅོས་བྱེད་རྒྱུ། (བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་ཐབས་གཞན་དག་བཅས་ཡིན།
དོན་ཚན་ཉེར་ལྔ་བ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཇགས་བྱི་བའི་རིམས་ནད་ཀྱི་འགྲིམ་འགྲུལ་རིམས་བཤེར་ས་ཚིགས་འཛུགས་པ་དང་། བྱི་བའི་རིམས་ནད་བྱུང་སྐབས་གནས་སྐབས་ཀྱི་བྱི་བའི་རིམས་ནད་འགྲིམ་འགྲུལ་རིམས་བཤེར་ས་ཚིགས་ཁ་སྣོན་བྱེད་དགོས། བྱི་བའི་རིམས་ནད་འགྲིམ་འགྲུལ་རིམས་བཤེར་ས་ཚིགས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་དང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ལས་རྩྭ་ཐང་། ཚོང་རའི་ལྟ་སྐུལ་དོ་དམ། ཞིང་ལས་དང་གྲོང་གསེབ་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་བྱི་བའི་རིམས་ནད་ཀྱི་འགྲིམ་འགྲུལ་རིམས་བཤེར་ལས་དོན་ལེགས་པར་བསྒྲུབ་དགོས། བྱི་བའི་རིམས་ནད་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་ས་ཚིགས་ལ་ནད་ཡམས་ཞིབ་བཤེར་ལས་དོན་ཁང་དང་། རྫས་འགྱུར་བརྟག་ཞིབ་ཁང་། ལྟ་ཞིབ་ཁང་བཅས་འཛུགས་དགོས་པ་དང་། དགོས་ངེས་ཀྱི་ནད་ཡམས་ཞིབ་བཤེར་སྒྲིག་ཆས་དང་། སྨན་བཅོས་སྨན་རྫས། འགོག་སྲུང་སྒྲིག་ཆས། ཐོ་འགོད་སྒྲིག་ཆས་སོགས་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས།
དོན་ཚན་ཉེར་དྲུག་པ། བྱི་བའི་རིམས་ནད་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་ས་ཚིགས་སུ་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་བྱེད་སྐབས་གཤམ་གསལ་བྱ་ཐབས་སྤྱད་ཆོག་པ་སྟེ། (གཅིག)བྱི་བའི་རིམས་ནད་ཀྱི་རང་བྱུང་ནད་ཡམས་ཕོག་ཁུལ་དང་ཡང་ན་ནད་ཡམས་ཕོག་ཁུལ་དུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་འཕྲུལ་ཆས་དང་། དེར་བསྡད་པའི་འགྲུལ་བ། དངོས་ཟོག་བཅས་ལ་ནད་ཡམས་ཞིབ་བཤེར་བྱེད་རྒྱུ། (གཉིས)བྱི་བའི་རིམས་ནད་ཕོག་མཁན་དང་། བྱི་བའི་རིམས་ནད་ཕོག་པའི་དོགས་ཡོད་ནད་པ། དེ་ལ་འབྲེལ་བ་དམ་ཟབ་བྱེད་མཁན་བཅས་གནས་སྐབས་ཟུར་དུ་བཀར་བ་དང་། གསོ་རིག་ཐོག་ནས་ཞིབ་བཤེར་བྱེད་པ་དང་དེ་བཞིན་མཁོ་བསྟུན་གསོ་རིག་གི་བྱེད་ཐབས་གཞན་དག་སྤྱོད་རྒྱུ། (གསུམ)བྱི་བའི་རིམས་ནད་ཀྱིས་སྦགས་པའམ་ཡང་ན་སྦགས་བཙོག་བཟོ་སྲིད་པའི་དངོས་རྫས་ལ་དཔྱད་བཤེར་དང་འཕྲོད་བསྟེན་གྱིས་ཐག་གཅོད་བྱེད་རྒྱུ། (བཞི)བྱི་བའི་རིམས་ནད་ཀྱི་རང་བྱུང་རིམས་ནད་འབྱུང་ཁུངས་སམ་ཡང་ན་རིམས་ནད་བྱུང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དང་དེ་གའི་འཇོག་གནས་ལ་འཕྲལ་རྐྱེན་མྱུར་སེལ་ཐག་གཅོད་ཀྱི་བྱེད་ཐབས་སྤྱོད་རྒྱུ། གཞུང་ལམ་དང་ལྕགས་ལམ། ཆུ་ལམ། མཁའ་འགྲུལ་སོགས་གཉེར་སྐྱོང་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་མི་སྣ་དང་། དངོས་རྫས། དངོས་ཟོག་བཅས་དང་དེ་བཞིན་སྐྱེལ་འདྲེན་ཡོ་བྱད་ལ་བྱི་བའི་རིམས་ནད་ཀྱི་འགྲིམ་འགྲུལ་རིམས་བཤེར་བྱེད་དགོས།
དོན་ཚན་ཉེར་བདུན་པ། བྱི་བའི་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་དང་། དཔེ་བསྡུ། བརྟག་བཤེར། ཟུར་འཇོག སྨན་བཅོས་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་སྐབས། འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་གཞོགས་འདེགས་བྱེད་དགོས་པ་མ་ཟད། གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད་དགོས་པ་དང་བྱི་བའི་རིམས་ནད་བྱུང་ཚུལ་སྦ་གསང་དང་། འགྱངས་ཞུ། རྫུན་ཞུ་བཅས་བྱེད་མི་ཆོག
དོན་ཚན་ཉེར་བརྒྱད་པ། བྱི་བའི་རིམས་ནད་ཀྱི་རང་བྱུང་རིམས་ནད་འབྱུང་གནས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་དང་། འཕྲིན་ཐུང་གཏོང་བ། ཉེན་བརྡའི་མཚོན་རྟགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། བྱི་བའི་རིམས་ནད་ཀྱི་ཉེན་ཟོན་ཉེན་བརྡ་ཁྱབ་བསྒྲགས་དང་བྱི་བའི་རིམས་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
དོན་ཚན་ཉེར་དགུ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ། འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་གསོད་པར་ཁྲིམས་ལྟར་ཚོད་འཛིན་བྱས་ཏེ། སྲོག་ཆགས་ཀྱི་བྱི་བའི་རིམས་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
དོན་ཚན་སུམ་ཅུ་བ། ནད་རིགས་འགོག་བཅོས་དང་ཚན་རིག་ཞིབ་འཇུག་གི་དགོས་མཁོ་ལས་གཞན། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་གཤམ་གསལ་གྱི་བྱི་བའི་རིམས་ནད་མཆེད་ཉེན་ཡོད་པའི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།(གཅིག)འཕྱི་བ་སོགས་བྱི་བའི་རིམས་ནད་འབྱུང་ཉེན་ཆེ་བའི་སྲོག་ཆགས་རྔོན་འཛིན་དང་། གསོ་གཉོར་སོགས་བྱེད་པ། (གཉིས)བྱི་བའི་རིམས་ནད་འབྱུང་ཉེན་ཆེ་བའི་སྲོག་ཆགས་འཕྱི་བ་དང་དེའི་ཐོན་རྫས་ལས་སྣོན་དང་། སྐྱེལ་འདྲེན། གསོག་ཉར། ཉོ་ཚོང་། འགྲེམས་སྟོན་སོགས་བྱེད་པ། འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་དང་དེའི་ཐོན་རྫས་བཟའ་མི་ཆོག
དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་ཡོད།
དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་རྔོན་གསོད་བྱེད་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་ལས་ཁུངས་དང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་འགན་འཁྲིའི་ལས་བགོས་གཞིར་བཟུང་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་རྒྱུ་དང་། འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་དང་དེའི་རྔོན་རྒྱག་ཡོ་བྱད་གཞུང་བཞེས་གཏོང་རྒྱུ་དང་སྒོར་ཉིས་བརྒྱ་ནས་སྟོང་གཅིག་བར་གྱི་དངུལ་ཆད་གཅོད་དགོས།
དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་ལ་ལྟོ་སྟེར་མཁན་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་རྒྱ་དང་ཐ་ཚིག་སྒྲོག་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་སྒོར་ཉིས་བརྒྱ་ནས་སྟོང་གཅིག་བར་གྱི་དངུལ་ཆད་གཅོད་དགོས།
དོན་ཚན་སོ་བཞི་བ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་དང་དེས་བཟོས་པའི་ཐོན་རྫས་འགྲེམས་སྟོན་བྱེད་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འཕྲོད་བསྟེན་བདེ་ཐང་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་རྒྱུ་དང་། འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་དང་དེས་བཟོས་པའི་ཐོན་རྫས་གཞུང་བཞེས་དང་སྒོར་ལྔ་སྟོང་ནས་སྒོར་ཁྲི་གསུམ་བར་གྱི་དངུལ་ཆད་གཅོད་དགོས།
དོན་ཚན་སོ་ལྔ་བ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་འཕྱི་བ་སོགས་བྱི་བའི་རིམས་ནད་འབྱུང་ཁུངས་སྲོག་ཆགས་དང་དེས་བཟོས་པའི་ཟས་རིགས་བཟའ་བའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་ལས་ཁུངས་སམ་ཡང་ན་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་སོགས་ཀྱིས་འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ་དང་། འཕྱི་བ་སོགས་བྱི་བའི་རིམས་ནད་ཀྱི་འབྱུང་ཁུངས་སྲོག་ཆགས་དང་དེས་བཟོས་པའི་ཐོན་རྫས་གཞུང་བཞེས་དང་སྒོར་ཉིས་སྟོང་ནས་སྒོར་ཁྲི་གཅིག་བར་གྱི་དངུལ་ཆད་གཅོད་དགོས།
དོན་ཚན་སོ་དྲུག་པ། གཞུང་ཞབས་པས་བྱི་བའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཁྲོད། རང་གི་འགན་འཁྲི་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པའི་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་གྲུབ་པར་བཅའ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་རྒྱུ།
དོན་ཚན་སོ་བདུན་པ། སྲོལ་ཡིག་འདིའི་ནང་གི་གཤམ་གསལ་ཐ་སྙད་ཀྱི་གོ་དོན་ནི།(གཅིག)བྱི་བའི་རིམས་ནད་ཀྱི་རང་བྱུང་ནད་ཡམས་ཕོག་ཡུལ་ཞེས་པ་ནི། སྲོག་ཆགས་ཀྱི་བྱི་བའི་རིམས་ནད་ཡུན་རིང་གནས་པ་དང་ཁྱབ་པའི་ས་ཁུལ་ལ་ཟེར། (གཉིས)བྱི་བའི་རིམས་ནད་འབྱུང་ཁུངས་ཀྱི་སྲོག་ཆགས་ཞེས་པ་ནི། དུས་ཡུན་རིང་པོའི་ནང་བྱི་ནད་ཀྱི་འབུ་ཕྲ་ཡུན་རིང་གནས་པའི་སྲོག་ཆགས་ལ་ཟེར་ཞིང་། དེའི་ནང་འཕྱི་བ་དང་མཚོ་སྔོན་གྱི་བྱི་བ་སོགས་ཚུད་ཡོད། (གསུམ)འཕྲོད་བསྟེན་ཐག་གཅོད་ཅེས་པ་ནི། དུག་སེལ་དང་། ནད་འབུ་གསོད་པ། བྱི་བ་གསོད་པ་སོགས་ཀྱི་འཕྲོད་བསྟེན་བྱེད་ཐབས་དང་དེ་བཞིན་ལོགས་སུ་བཀར་བ་དང་། འགོས་ནད་ཡོད་མེད་ལ་ལྟ་བ། ས་ཆ་དེ་གར་ཞིབ་བཤེར་བྱེད་པ་སོགས་ཀྱི་གསོ་རིག་བྱེད་ཐབས་ལ་ཟེར།
དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདི2021ལོའི་ཟླ4ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ། དུས་མཚུངས་སུ1989ལོའི་ཟླ12ཚེས23ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི«མཚོ་སྔོན་ཞིང་ཆེན་བྱི་བའི་རིམས་ནད་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་སྲོལ་ཡིག»རྩིས་མེད་དུ་གཏོང་རྒྱུ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།