ཚྭ་འདམ་གཞོང་སའི་མཛེས་སྡུག་གཞན་ཞིག་སྟེ་བྲག་བརྐོས་རི་མོ།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2023-11-20 09:29:48 ཀློག་གྲངས།:
       ས་ཁམས་དཔེ་དེབ་སྟེང་གི་ཚྭ་འདམ་གཞོང་ས་ནི་རྒྱ་ཆེ་ཞིང་ཁ་ཟུམ་པའི་གས་རྡིབ་གཞོང་ས་ཞིག་ཡིན་ལ། མཐའ་རུ་མདོ་ལ་རིང་མོ་དང་ཁུ་ནུ་རི་བོ། ཨའར་ཅིན་རི་བོ་སོགས་ཀྱིས་བསྐོར་ཡོད་པ་དང་། མཚོ་སྔོན་ནུབ་བྱང་རྒྱུད་ཀྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད།
       འོན་ཏེ། མཐའ་ཡས་ཤིང་སྐམ་ཐལ་ཆེ་བའི་ཐང་སྟོང་འདི་རུ་ད་དུང་མཛེས་ལྗོངས་གཞན་ཞིག་ཡོད་པ་ནི་མཚར་སྡུག་རྣམ་པར་བཀྲ་བའི་བྲག་བརྐོས་རི་མོའི་ཚོགས་རེད།
པར་འདི་ནི་མཚོ་ནུབ་ཀྱི་ཆེས་དཔེ་མཚོན་ལྡན་པའི་ལུའུ་སིན་བྲག་བརྐོས་རི་མོ་རེད། བྲག་རྡོའི་ངོས་སུ་རི་མོའི་ཚོགས་པ20ཁྱབ་ཡོད་ལ། ཆེས་ཆེ་ཤོས་ལ་སྨི་གྲུ་བཞི་མ30ཡས་མས་ཡོད་པ་དང་། དེ་རུ་སྣང་བརྙན100ལྷག་ཚགས་དམ་པར་བརྐོས་ཡོད།
       མཚོ་ནུབ་ཚྭ་འདམ་གཞོང་སའི་ས་གནས30ལ་ཉེ་བ་ཞིག་གི་བྲག་བརྐོས་རི་མོའི་ཁྱབ་སྟངས་ལ་ཁྱད་ཆོས་ཤིག་ཡོད་པ་ནི་དེ་དག་ཕལ་ཆེ་བ་ཚྭ་འདམ་གཞོང་སའི་ལྟོས་བཅས་ཀྱིས་མཐའ་འཁོབ་ཡིན་པའི་ས་རྒྱུད་དུ་ཡོད་པ་ལས། གཞོང་སའི་དཀྱིལ་དབུས་སུ་མ་མཐོང་།
       དེ་དག་ཕྱོགས་གཅིག་ཏུ་སྦྲེལ་ཏེ་བལྟས་ན། ཕྲ་རགས་གཉིས་ལྡན་གྱི་བྲག་བརྐོས་རི་མོའི་ཚོགས་ནི་གཞོང་སའི་མཐའ་བསྐོར་བའི་རིས་ཁྱམས་ཤིག་དང་འདྲ།
པར་འདི་ནི་མཚོ་སྔོན་མཚོ་ནུབ་ཀྱི་བྲག་བརྐོས་རི་མོ་ཡོད་ས་གཙོ་བོའི་ཁྱབ་ཚུལ་རི་མོ་རེད། གླེང་རིན་ཡོད་པ་ཞིག་ལ། ས་གནས་མི་ཉུང་བ་ཞིག་གི་བྲག་བརྐོས་རི་མོ་ནི་གནས་གཅིག་ཏུ་ལན་མང་བརྐོས་པའམ། ཐ་ན་སྔོན་ཆད་ཀྱི་བྲག་བརྐོས་རི་མོར་འགྱུར་བཅོས་བཏང་བའི་སྣང་ཚུལ་ཡང་ཡོད་པས། དེ་དག་ནི་དུས་སྐབས་གཅིག་ལ་མི་རབས་གཅིག་གིས་ཡོངས་འགྲུབ་བྱས་པ་ཞིག་མིན་པ་རྟོགས་ཐུབ།
       ཚྭ་འདམ་གཞོང་སའི་ཆ་སྙོམས་མཚོ་འཕགས་ལ་སྨི2600ནས3200ཡོད་པ་དང་། མ་གཞི་ནས་རང་རྒྱལ་གྱི་གཞོང་ས་དག་ལས་ས་བབ་ཆེས་མཐོ་ཤོས་དེ་ཡིན།
       གནས་འདིའི་བྲག་བརྐོས་རི་མོ་རྣམས་ནི་གཞོང་སའི་མཐོ་སར་ཡོད་པ་དང་། མང་ཆེ་བ་མདོ་ལ་རིང་མོ་དང་ཁུ་ནུ་རི་བོ། ཨའར་ཅིན་རི་བོ་དང་དེའི་འཕྲོས་རྒྱུད་ཀྱི་བྲག་ལྡེབས་དང་རི་གསེང་གི་ཆུ་བོ་འབུད་སའི་རྡོ་སྟེགས་ངོས་སུ་ཡོད།
པར་རིས་ཁྲོད་དུ་ཐིག་རིས་བདེ་ལྕག་འཁྱུག་པའི་བྲག་བརྐོས་རྟ་མཆོག་ཅིག་ཐང་སྟོང་དུ་ཀྲོང་ངེར་འགྲེང་འདུག་ལ། མཚོ་ནུབ་བྲག་བརྐོས་རི་མོ་ཁྲོད་དུ་རྟ་དང་སྐྱ་མིའི་སྣང་བརྙན་མང་པོ་ཡོད།
པར་འདི་ནི་མཚོ་ནུབ་བྲག་བརྐོས་རི་མོའི་ཁྲོད་ཀྱི«བྱ་མོ་འདེབས་པའི་ལྷ་པ»ཡི་ངོས་བཤུས་པར་རིས་ཡིན་ལ། སྟེང་དུ་རྔ་མོང་དང་མི། ཉི་ཟླ་སོགས་ཡོད། མི་སྣའི་ལུས་ལ་ཕྱུ་པ་གྱོན་ཞིང་མགོ་ལ་མགོ་རྒྱན་སྤྲས་ཡོད་པ་དང་། ལག་པར་བྱ་ཞིག་བཏེགས་འདུག
       འདི་དག་གི་ལོ་རབས་ཀྱི་བར་བརྒལ་ཅུང་ཆེ་སྟེ། སྔ་ཤོས་ནི་རྡོ་ཆས་དུས་རབས་དང་། འཕྱི་གྲས་ནི་ཐང་རྒྱལ་རབས་ཀྱི་སྔ་རྗེས་ཡིན།(ཐང་གི་རྗེས་ཀྱི་ཡིན་པའང་འགའ་རེ་འདུག་ཀྱང་། བཟོ་རྩལ་ཅུང་རྩིང་རགས་སུ་གྱུར་འདུག)
པར་འདི་ནི་མཚོ་ནུབ་ཧོའེ་ཐོའུ་ཐ་ལའི་བྲག་བརྐོས་རི་མོ་རེད། ཞིབ་འཇུག་པ་རྣམས་ཀྱིས་བྲག་བརྐོས་རི་མོ་རྣམས་དུས་སྐབས་འགའ་རུ་བགོས་ཆོག་པར་བཞེད་དེ། སྔ་དུས་བརྐོས་པ་རྣམས་ལ་རི་དྭགས་ཀྱི་གཟུགས་བརྙན་གཙོ་ཆེ་ཞིང་། འཕྱི་དུས་བརྐོས་པ་རྣམས་སུ་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་བྱུང་ཡོད། བྲག་བརྐོས་རི་མོ་གཅིག་གིས་ཤིན་ཏུ་རིང་བའི་ལོ་ཟླ་བརྒལ་ནས་འོངས་པ་ཡིན་འདུག པར་ལེན་མཁན། ཞའོ་ཡུང་མིང་།
       གནས་འདིའི་རི་བོ་དང་གཡང་གཟར། སྒང་རྒྱུད། ཐང་སྟོང་སོགས་ཀྱིས་བྲག་བརྐོས་རི་མོ་བརྒྱ་སྟོང་མང་པོ་མཐོ་རུ་བཏེགས་ཏེ། དུས་ཚོད་དང་མཁའ་དབྱིངས། བྱེ་རླུང་སོགས་ཀྱི་མདུན་སར་བཀྲམ་ནས། ཚྭ་འདམ་གཞོང་སའི་ཆེས་གནའ་བོའི་ངོ་མཚར་གྱི་ཕྲ་རྒྱན་ཞིག་ཏུ་གྱུར་ཡོད།
པར་རིས་འདི་ནི་པ་ལི་ཆུ་བོའི་བྲག་བརྐོས་རི་མོ་རེད།
       རང་རྒྱལ་ནི་བྲག་བརྐོས་རི་མོ་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡིན་ལ། ཤར་གྱི་རྒྱ་མཚོའི་ངོགས་ནས་ནུབ་ཏུ་མདོ་དབུས་མཐོ་སྒང་དང་། བྱང་དུ་ཧའེ་ལུང་ཅང་གཙང་བོ། ལྷོ་རུ་ནན་ཧའེ་གླིང་ཕྲན་སོགས་སུ་ཁྱབ་ཡོད།
       མཚོ་ནུབ་ཚྭ་འདམ་གཞོང་སའི་ཁུལ་གྱི་བྲག་བརྐོས་རི་མོ་ལ་ནོར་ལུག་དང་རྔ་མོང་། ཤྭ་བ། སྤྱང་ཀི གཟིག འདབ་ཆགས་སོགས་ཀྱི་སྣང་བརྙན་ལས་གཞན་རི་དྭགས་རྔོན་པ་དང་དཔའ་རྟུལ་གྱིས་འཐབ་མོ་འགྱེད་པ། ཤིང་རྟ། གསོལ་བ་འདེབས་བཞིན་པའི་ལྷ་པ་སོགས་ཀྱི་བརྗོད་བྱའང་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།