ལོ་པཎ་སྙིང་སྟོབས།

རྩོམ་པ་པོ།:སྒྲིག་རྩོམ་པ། སྒྲོལ་དཀར་ཚེ་རིང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-14 08:42:45 ཀློག་གྲངས།:
       རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པ་འདི་ཙམ་མཛད་ན་ཡང་རང་རེ་བོད་པ་ཚོ་ལ་ནི་ཆོས་རྒྱལ་ཚོ་དང་། ལོ་ཙཱ་བ་འཇིག་རྟེན་མིག་འབྱེད་དེ་ཚོ་བྱུང་མེད་ན་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་རང་རེས་གདན་གྲུ་བཞི་ཞིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་སྐལ་བ་ག་ནས་རྙེད།   —མཁས་དབང་དགེ་འདུན་ཆོས་འཕེལ།

       མདོར་ན། ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ན་གོ་སླ་བའི་རིགས་དོན་བསྒྱུར་དང་། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར་དུ་བྱས་པ་དེའི་སྟེང་ནས་བོད་གངས་ཅན་གྱི་ལྗོངས་སུ་བཀའ་བསྟན་གྱི་སྙིང་པོ་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང་། སྒྲ་དང་ཚད་མ་རིག་པ། སྙན་ངག་དང་གསོ་བ་རིག་པ། སྐར་རྩིས་དང་བཟོ་རིག་པ་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས། ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་སྦྱངས་བརྩོན་བྱས་པའི་དབང་གིས་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོས་པ་འདི་ནི། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེའི་རྗེས་སུ་བསླབ་པ་བརྩོན་པ་རྒྱ་ཆེར་བྱེད་པར་རིགས་སོ། །    —ཨ་ལགས་ཚེ་ཏན་ཞབས་དྲུང་།

       དོན་ངོ་མ་ང་ཚོ་བོད་འདི་གང་འདྲ་རེད་ཟེར་ན། སྔོན་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་རེད། ལུང་པ་གང་ཡག་པ་ཡོད་ན། ག་རེ་ཡག་པ་ཡོད་ན་དེ་ང་ཚོས་མངའ་འོག་ཏུ་བསྡུས། དཔེར་ན། ཆོས་དེ་རྒྱ་གར་ལ་ཡག་པ་ཡོད་ཙང་དེ་རྒྱ་གར་ནས་ཚུར་བསྒྱུར། གོན་པ་དེ་སོག་པོ་ལ་ཡག་པ་ཡོད་ཙང་དེ་སོག་པོ་ནས་འདྲེན། ཁ་ལག་དེ་རྒྱ་མིའི་ཞིམ་པ་ཡོད་རེད། དེ་རྒྱ་ནག་ནས་ལེན། དེ་ནས་དེ་འདྲའི་གང་ཡག་པ་ཡོད་ན་དེ་བསྡུ་ལེན་བྱེད་པའི་སྒོ་ཕྱེ་བའི་སྲིད་ཇུས་ཤིག་ཡོད་རེད། བྱས་ཙང་ང་ཚོས་ད་ལྟ་དེ་ག་བྱ་དགོས་ཀྱི་ཡོད་རེད། གང་ཡག་པ་ཡོད་ན་དེ་སོ་སོས་བསྡུ་ལེན་བྱ་ཐུབ་རྒྱུ་དེ་གལ་ཆེན་པོ་རེད།   —དུང་དཀར་བློ་བཟང་འཕྲིན་ལས་ཚང་གི«རིག་པའི་སྒྲོན་མེ»ལས།

       མི་ཡི་སྤྱི་ཚོགས་ནི་དུས་སྐད་ཅིག་ཀྱང་རང་བབས་སུ་མི་གནས་པར་གོང་འཕེལ་དུ་འགྱུར་གྱིན་ཡོད་པས། འཇིག་རྟེན་གྱི་འཚོ་བའི་གནས་ཚུལ། ཚན་རིག་ལག་རྩལ་ཤེས་བྱའི་རིག་གནས་ཀྱི་སྐོར་ཐམས་ཅད་ཉིན་རེ་ཉིན་རེ་མི་གཅིག་པའི་རྣམ་པ་གཞན་དུ་འགྱུར་གྱིན་ཡོད་ལ། དེ་ལྟ་བུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་སྔར་ཡོད་ཆད་བསབ་ཁ་སྐོང་བྱེད་པ་དང་། སྔར་མེད་ཚུར་ལེན་ཁ་སྣོན་བྱེད་པའི་ཐབས་ལ་མ་འབད་ན། མོ་ཊ་དང་ལྕགས་བྱ་འུར་གྱི་སོང་ཤུལ་དུ། རྟ་རྒན་བོང་ཆད་ཞོན་ནས་གཞུག་ཨེ་ཆོད་ལྟ་བ་ལྟ་བུ་རེད། གཞན་གྱི་ཁྲེལ་བགད་བྱེད་པའི་རྒྱུ་ལས་མ་འདས་སོ། །འཇིག་རྟེན་སྒྲུབ་པའི་རིག་གནས་ཤེས་བྱའི་ཕྱོགས་ལ་གངས་ཅན་པ་རྣམས་ཆེས་ཞན་ཞིང་བླུན་པས། མི་རིགས་རང་ལ་གྱོང་རྒུད་མི་རབས་ནས་མི་ཐོག་ཏུ་མྱོང་བ་དཔྱོད་ལྡན་རྣམས་ཤེས་གསལ་ལྟར་ཡིན་ལ། བོད་མི་རིགས་འདི་ལོ་རྒྱུས་ཀྱི་སྟེང་ནས་རིག་གནས་ལ་དགའ་བའི་མི་རིགས་ཤིག་ཡིན་པས། འདབས་འབྲེལ་གྱི་རྒྱ་གར་རྒྱ་ནག་ལི་བལ་སོགས་ཀྱི་ཡུལ་ནས་ཐུན་མོང་གི་རིག་གནས་སྐོར་དང་། ཐུན་མིན་རིག་གནས་རྒྱལ་བསྟན་ཚུར་དྲངས་ནས། གདོད་མའི་རིག་གནས་ཀྱི་ཆད་གསབ་ཁ་སྐོང་དང་། བསྒྱུར་བཅོས་སྤུས་ལེགས་སུ་བཏང་ནས་རང་གི་རིག་གནས་ཕུན་སུམ་ཚོགས་པར་བསྒྱུར་བ་ཡིན་ལ། ཉེ་རབས་སུ་ལོན་ནས་རྒྱ་སྒོ་སྡོམ་ནས་ལུང་ཁོག་དོག་མོར་གནས་པ་དང་། འགྲིམ་ལམ་སོགས་མི་བདེ་བའི་རྐྱེན་གྱིས་ཕྱི་འབྲེལ་ཉུང་བ་སོགས་ཀྱིས་འཇིག་རྟེན་སྤྱིའི་གནས་ཚུལ་མི་ཤེས་པ་སོགས་སྔོན་ཐོན་མི་རིགས་དང་ལོ་རྒྱུས་ཀྱི་བར་ཐག་རིང་ཙམ་ཤོར་ཡོད་པ་ངོས་ཟིན་དགོས་པའི་དོན་ཞིག་ཡིན། སྐྱོན་གྱི་ནང་ནས་རང་སྐྱོན་མི་ཤེས་པ་ནི་སྐྱོན་ཆེ་ཤོས་ཡིན་ལ། སྐྱོན་སྤངས་ཤིང་ཡོན་ཏན་སྤེལ་བ་ལ་མཁས་པ་ཟེར་བ་ཡིན་པས། མི་རིགས་ཀྱི་སྤྱི་དོན་ཕྱོགས་ལ་ཡང་འདི་གལ་ཆེ་བར་སྣང་ངོ་། །    —དོར་ཞི་གདོང་དྲུག་སྙེམས་བློ།

       བོད་སྒང་པ་འདི་ཉིད་མི་གྲལ་དུ་ཚུད་དགོས་ན། ལྗོངས་འདིའི་ལུས་ཅན་རྣམས་ཀྱི་ནང་གི་རྟོགས་པ་ཕུགས་ནས་སད་དེ་ཁ་མིག་འཇིག་རྟེན་ལ་ཕྱོགས་རྒྱུ་གནད་ཀྱི་དམ་པ་ཡིན་ལ། དེ་ལའང་ཐོག་མར་ཆོས་ལུགས་དང་བཅས་པའི་རིག་གནས་སྲོལ་རྒྱུན་འདི་ཉིད་གཟུགས་མེད་གཟུགས་སུ་འཆའ་བའི་ལྷ་སྒྲུང་གི་རྣམ་སྲོལ་ལས་རིང་དུ་འགོང་རྒྱུ་གཞིར་བྱས། རིག་པ་གསར་པ་དང་ལྟ་བ་གསར་པ། རྣམ་སྲོལ་གསར་པ་རྣམས་རང་ལུས་འབྱུང་བའི་དཀྱིལ་འཁོར་ལ་ཉེ་བར་དྲངས་ཏེ་འཁོར་བའི་སྤང་བླང་འཇོག་ལེན་གྱི་ཐུགས་རྒྱ་དང་རྣམ་དཔྱོད་འཛོམས་གཞུག་རྒྱུ་གཙོ་ཆེ་བས། དེའི་ཆེད་དུ་ཕྱི་ནས་འོང་བའི་དཔྱོད་ཤེས་ཀྱི་དགག་སྒྲུབ་དང་ཚན་རིག་གི་དཔྱད་སྟོབས་སོགས་བསླབ་པ་ལེན་པའི་རྟེན་དུ་བྱས་ཐོག འཇིག་རྟེན་གྱི་ཆོས་ཉིད་དང་བྱེས་བྲལ་དུ་མ་སོང་བར་རིགས་ཀྱི་འབྱུང་འགྱུར་བབ་ཁུར་དུ་ལེན་ནུས་པའི་མི་ཚུལ་རིག་གནས་གསར་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པར་གསུངས་འདུག་པ་འདི་ཉིད་རེད་སྙམ།   —འགྱན་སངས་རྒྱས་དོན་གྲུབ།

ལོ་ཙཱ་དང་འབྲེལ་བའི“རུང་བ་མ་ཡིན་པའི་གཞི་ལྔ”།

       ༡ སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་དག་གིས་དཀའ་མོའི་རྒྱུ་དང་དཀོན་མོའི་སྲོག་ལ་མ་འཛེམ་པར་རང་སྐད་རང་ཡིག་ཏུ་བསྒྱུར་བའི་གསུང་རབ་བསྟན་བཅོས་མཐའ་དག་རང་ཅག་རྣམས་ཀྱིས་གཞན་སྐད་གཞན་ཡིག་ཏུ་བསྒྱུར་བའི་བགྱི་བར་འཇུག་པ་ནི་རུང་བ་མ་ཡིན་ནོ། །
       ༢ ད་ལྟའི་འགྱུར་དེབ་ཁ་ཅིག་གི་བརྡ་ཡི་སྐྱོན་དང་རྗོད་པའི་བབས་ལ་བརྟག་སྟེ། བསྟན་དོན་ཇི་བཞིན་མ་ཐོན་པར་མུན་སྤྲུལ་དུ་བསྒྱུར་བ་དང་། ཇི་བཞིན་ཕབ་བསྒྱུར་མ་ནུས་པར་གཞན་དབང་དུ་འཕྱན་པའི་ཚུལ་དུ་མར་གཞིགས་ནས། ལོ་ཙཱ་ནི་རང་ཡིག་གཙང་ཆབ་དྭངས་མོ་ལ་མི་གཙང་དྲི་མའི་ནག་ནོག་བཟོ་མཁན་གྱི་གཤེད་མར་འཁྲུལ་བ་ནི་རུང་བ་མ་ཡིན་ནོ། །
       ༣ ལོ་ཙཱ་ནི་རང་ཅག་ཐམས་ཅད་ད་ལྟའི་འཇིག་ཉེན་འདི་ལས་ཐར་བར་བྱེད་པའི་འཇུག་སྒོ་གཉིས་སུ་མེད་པ་རུ་ངེས་ན། དེ་ལ་འཇུག་ཅིང་དེ་ལ་མངོན་པར་ཕྱོགས་པའི་སྐྱེ་བོ་མཐའ་དག་ལ་བསྔགས་བརྗོད་ཀྱི་མེ་ཏོག་མི་སྟོར་བར། སྐྱོན་ཆ་ཕྲ་མོ་ཙམ་ཡང་རྩལ་འདོན་བྱེད་པ་སྟེ། ལོ་ཙཱའི་དཔྱད་བརྗོད་བྱེད་པ་ནི་ལུགས་དང་མཐུན་པར་གནས་ཀྱང་། དེ་ལ་རྗེས་སུ་ཡི་རང་དང་དགེ་མཚན་མཐའ་དག་སྣང་མེད་དུ་བྱ་བ་ནི་རུང་བ་མ་ཡིན་ནོ། །
       ༤ ཡུལ་དུས་གནས་སྐབས་འདི་ལ། སྒྱུར་མཁན་གང་དེས་རྩོམ་ཡིག་གཅིག་གམ་བསྟན་བཅོས་གང་ཞིག དཀའ་བ་ཁྱད་དུ་བསལ་ཅིང་ངལ་བ་དང་དུ་བླངས་ཏེ་རང་སྐད་རང་ཡིག་ཏུ་ལེགས་པར་བསྒྱུར་ལ། མཐར་ཐུག་རང་བྲོ་ཁུག་མ་བྱས་ནས་དཔར་དུ་བཏབ་སྟེ་ཁྱེད་ཀྱི་མདུན་དུ་འབྱོར་དུས། འདི་ནི་འགྱུར་མ་ཙམ་མོ་ཞེས་དམན་པར་ལྟ་བ་དང་། དེ་ལས་དེབ་ཀྱི་ཕྱི་མོ་བཀླག་པར་བྱའོ་ཞེས་གཞན་གྱི་བྱས་པ་ལ་ཇི་མི་སྙམ་པར་བཏང་སྙོམས་སུ་བསྐྱུར་བ་ནི་རུང་བ་མ་ཡིན་ནོ། །
       ༥ ད་ལྟའི་ཡུལ་དུས་འདི་ལ། ང་ཚོ་ཚང་མ་ཚུར་ལེན་རིང་ལུགས་པ་ཞིག་ཏུ་འགྱུར་འོས་ཤིང་། “ལོ་པཎ་སྙིང་སྟོབས”ཀྱི་གོ་ཆ་བཙན་པོ་སྙིང་ལ་བགོས་ཏེ་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་པོས་ཐ་ན་བརྡ་ཆད་གཅིག་ཚུན་ཆད་བོད་ཡིག་ཏུ་བསྒྱུར་ཅིང་བོད་སྐད་ཀྱིས་སྤེལ་བར་བྱ་ཡི། འཕྲལ་གྱི་དམིགས་སྒོ་ཙམ་ཞིག་སེམས་ལ་བརྣགས་ཏེ། ཉེན་ཚབས་ཀྱི་འདུ་ཤེས་བག་ལ་ཞ་ཞིང་རིགས་ཀྱི་འདུན་མ་སྙིང་ནས་བོར་བ་ནི་ཅིས་ཀྱང་རུང་བ་མ་ཡིན་ནོ། །  —སྒྲོལ་དཀར་ཚེ་རིང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།