སློབ་གསོའི་ངོས་འཛིན་དང་ལག་ལེན་མྱོང་བཤད་ཀྱི་འགོ་བརྗོད།

རྩོམ་པ་པོ།:དཔལ་ལྡན་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-24 08:44:04 ཀློག་གྲངས།:
འགོ་བརྗོད།
 
       དེ་རིང་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་འཕྲིན་ཐུང་ཞིག་འབྱོར་ཞིང་། འཕྲིན་ཡིག་ནང་ཁོང་གིས་བརྩམས་པའི་དེབ་ལ་གླེང་གཞི་ཞིག་བྲི་རོགས་ཅེས་རེ་བ་ཞུས་འདུག་ལ། དེར་ང་རང་ཧ་ཅང་དགའ་བོ་བྱུང་། སློབ་གཙོ་བསོད་ནམས་རྡོ་རྗེ་ནི་ལོ་ངོ་སུམ་ཅུའི་རིང་ལ་གཞི་རིམ་སློབ་གསོའི་ལས་དོན་ཁྲོད་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་སུ་དགེ་རྒན་དང་སློབ་གཙོའི་ལས་རྐང་གཉེར་མྱོང་བར་མ་ཟད། སློབ་གསོའི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་འབད་པ་བྱེད་མཁན་ཞིག་ཀྱང་ཡིན། ཁོས་སློབ་གྲྭ་གསར་བ་གསུམ་སྒྲུབ་པའི་འགན་བཞེས་མྱོང་ལ། སློབ་གྲྭ་དེ་དག་ལ་ལག་རྗེས་ཀྱང་མི་དམན་བཞག་ཡོད་པ་སོགས་ཀྱིས་སྤྱི་ཚོགས་སུ་ཁོང་ལ་གདེང་འཇོག་ཆེན་པོ་ཐོབ་ཡོད། ཁོང་ལ་དུས་ཡུན་རིང་བོའི་སློབ་གྲྭ་དོ་དམ་དང་སློབ་སྒྲུབ་རིགས་གཞུང་གཉིས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། ང་རང་ཁོང་གི་དེབ་ཀྱིས་ཁྱེད་ཀློག་པ་པོ་དང་སློབ་གསོར་ཞིབ་འཇུག་བྱེད་མཁན་དག་ལ། བློ་སྐྱེད་འཐོབ་ཅིང་ལག་ལེན་ལ་ཕན་པའི་དཔྱད་གཞི་རེག་པར་ཡིད་ཆེས་བརྟན་པོ་ཡོད།
       ང་དང་སློབ་གཙོ་བསོད་ནམས་རྡོ་རྗེ་གཉིས་ཀྱི་མི་ཚེའི་བརྒྱུད་རིམ་འདྲ་བོ་འདུག་སྟེ། ངེད་གཉིས་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཞིང་། ངེད་གཉིས་རང་གི་སློབ་གསོའི་ལས་དོན་ལ་ཧ་ཅང་ཆ་རྒྱུས་ཡོད་པར་མ་ཟད། སློབ་གསོའི་གནད་དོན་གང་ནས་ཡོད་པ་ལ་ཡང་ཤིན་ཏུ་གསལ་ཆ་ཡོད། ཡིན་ནའང་། ང་ཚོར་སློབ་གསོའི་གནད་དོན་སྐོར་རྒྱ་ཆེའི་ཀློག་པ་པོར་ངོ་སྤྲོད་དང་། བགྲོ་གླེང་བྱ་བའི་གོ་སྐབས་ཤིན་ཏུ་ཉུང་བ་རེད། དེས་ན། ད་རེབ་འགོ་བརྗོད་འབྲི་བའི་གོ་སྐབས་འདི་བརྒྱུད་དེ། ཀློག་མཁན་རྣམ་པར་སློབ་གསོའི་གནད་དོན་ཁ་ཤས་སྐོར་ལ་གྲོས་སྡུར་ཞིག་བྱ་འདོད་བྱུང་། འདི་ནི་བསམ་བློ་འཛུགས་སྐྲུན་དང་མ་འོངས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིགས་གཞུང་གི་དོན་དག་ཅིག་ཀྱང་ཡིན།
       མི་རྣམས་ཀྱིས་སློབ་གསོ་ནི་རྙོག་འཛིང་དེ་འདྲ་མིན་པའི་ལས་ཀ་སླ་བོ་ཅིག་སྟེ། སློབ་གྲྭ་རུ་སློབ་མར་བདག་དམ་བཟང་པོ་བྱ་བ་དང་། སློབ་མའི་རྒྱུགས་འབྲས་ཇེ་མཐོར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གི་སློབ་རིམ་འཕར་བར་འབད་ཅིང་། སློབ་མ་གཞན་པས་ཡིད་སྨོན་སྐྱེས་པའི་ནང་ལོགས་ཀྱི་སློབ་གྲྭ་ཞིག་ཏུ་རྒྱུགས་འཕྲོད་ན། ད་གཟོད་མ་འོངས་པར་ལས་ཚེགས་ཆུང་ཞིང་ཡོང་འབབ་མཐོ་བའི་ལས་ཀ་བཟང་པོ་ཞིག་རེག་པ་འདོད་པར་མ་ཟད། དེ་འདྲ་ཞིག་བྱུང་ན་མི་གཞན་པས་རང་ལ་ཡིད་སྨོན་སྐྱེ་ཞིང་། གཞན་པར་རང་གི་འདོད་པ་ལྟར་ལས་དོན་བསྒྲུབ་ཏུ་བཅུག་ན་ཆོག་པའི་ཐོབ་ཐང་ཡོད་པར་འདོད། མདོར་ན། རང་ཉིད་མི་གཞན་གྱི་མགོན་དུ་འགྱུར་ན་འདོད་པས་འདོད་སྲེད་ཀྱིས་སྐུལ་པ་རེད། ང་ཚོས་གོང་གི་གནས་ཚུལ་དེ་ལ་བརྟེན་ནས་རིགས་འདེད་ཅིག་བྱས་ན། ཐབས་བརྒྱ་ཇུས་སྟོང་དང་ཤི་འཐབ་རོ་འཐབ་ཀྱིས་རྒྱུགས་འབྲས་ཁོ་ནར་འབད་མཁན་ཞིག་རང་གི་ཉེ་འཁོར་གྱི་མི་དང་མཐུན་པ་ཕར་ཞོག ཐ་ན་རང་གི་ཁྱིམ་མི་ལ་ཡང་འགྲོགས་བདེ་འདུག་སྐྱིད་ཅིག་བྱ་མི་ཐུབ། མི་དེས་སློབ་ཆེན་རྩེ་གྲས་ལ་རྒྱུགས་འཕྲོད། མཐར་ཕྱིན་རྗེས་ལས་ཀ་བཟང་པོ་ཞིག་ལོན་ངེས་ནའང་། རང་གི་ཉེ་འཁོར་གྱི་མི་དང་འདྲ་མཉམ་གྱི་འབྲེལ་བ་ཞིག་འཛུགས་ཐུབ་བམ། ཁོས་མི་དཀྱུས་མ་ཞིག་ལ་སེམས་གཏིང་ནས་བརྩི་བཀུར་བྱ་ཐུབ་བམ། མི་འདི་འདྲ་བ་ཚོས་དབང་པོ་སྐྱོན་ཅན་དང་དབུལ་ཕོངས་ཀྱིས་མནར་པའི་མི་ལ་ཇི་ལྟར་རྩིས་ཐང་འཐོབ་ཏུ་འཇུག་དགོས་པ་ཤེས་སམ། ཁོས་རང་ཉིད་ཀྱི་ཚེ་སྲོག་གི་སྐར་ཆ་རེ་རེའི་བདེ་སྐྱིད་མྱོང་ཐུབ་བམ། མི་འདི་འདྲ་བ་ཚོས་བཙུགས་པའི་མིའི་འབྲེལ་བ་འཆམ་མཐུན་ཞིག་ཡིན་ནམ། མ་གཞི་མི་དང་མིའི་བར་གྱི་འབྲེལ་བ་གྲུབ་ཚུལ་ལ་སྤྱི་ཚོགས་ཟེར་བ་རེད། དེས་ན། མི་འདི་འདྲ་བ་ཚོ་ལ་ང་ཚོའི་མ་འོངས་སྤྱི་ཚོགས་བསྐྲུན་པའི་འགན་ཁུར་བཞག་ན་ལུགས་དང་མཐུན་པ་ཞིག་ཡིན་ནམ། ཧོ་པེ་ཞིང་ཆེན་དུ་སློབ་རིམ་འཕར་ཚད་ཧ་ཅང་མཐོ་བའི་ཧེང་ཧྲུའེ་སློབ་འབྲིང་ཞེས་པ་ཞིག་ཡོད། སློབ་འབྲིང་འདིའི་སློབ་མ་ཚོས་ཉིན་རེ་བཞིན་སློབ་ཆེན་རྩེ་གྲ་ལ་རྒྱུགས་འཕྲོད་པར་དམ་བཅའ་འབུལ་དགོས་ཤིང་། སློབ་ཆེན་རྩེ་གྲ་ཞིག་ལ་རྒྱུགས་འཕྲོད་པའི་ཆེད་ཟས་བཅག་གཉིད་བརྗེད་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་ལ་བརྩི་བ་རེད། སློབ་མ་འདི་ཚོས་འགྲན་རྩོད་འཇིགས་སུ་རུང་བ་བྱེད་པ་ལས། གཞན་ཅི་ལ་ཡང་བསམ་བློ་མི་གཏོང་། འདང་ཞིག་རྒྱོབས་དང་། མ་འོངས་སྤྱི་ཚོགས་མི་འདི་འདྲ་བས་ཁེངས་ན། སྤྱི་ཚོགས་ནི་ཅི་འདྲ་ཞིག་ཡིན་ནམ།
       སློབ་གསོ་ལ་ངོས་འཛིན་དེ་འདྲ་ཡོད་པ་ནི་མི་རྣམས་ཀྱི་བསམ་བློ་གཏོང་ཚུལ་འཐུས་ཚང་མ་ཡིན་པའམ། ཡང་ན་བློ་རྒྱ་ཆུང་བའི་བླུན་རྟགས་མངོན་པས་རེད། ངོས་འཛིན་དེ་ནི་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་མེས་པོ་རྣམས་ཀྱི་བསམ་བློ་གཏོང་ཚུལ་དང་བསྡུར་ན་གནམ་སའི་ཁྱད་པར་འདུག་ལ། དེས་ང་ཚོའི་བསམ་བློ་གཏོང་ཚུལ་ཡར་རྒྱས་སོང་ཡོད་པ་ཕར་ཞོག སྔར་ལས་ཀྱང་ཉམས་རྒུད་ཆེན་པོ་སོང་ཡོད་པ་མཚོན། དེ་བཤད་ན་ངོ་ཚ་དགོས་པ་ཞིག་ཀྱང་རེད། ཡིན་ནའང་། མེས་པོ་ཚོས་རང་ཉིད་ཀྱི་གཏིང་ཟབ་པའི་བསམ་བློ་སྐབས་ཐོག་དེར་དར་ཁྱབ་གཏོང་མ་ཐུབ་ལ། སྤྱི་ཚོགས་ཀྱི་མི་ཕལ་བ་རྣམས་ཀྱི་བསམ་བློ་ཡང་མ་སྨིན་པའི་མཚམས་སུ་གནས་ཡོད། འདི་ནི་མེས་པོ་ཚོས་འགན་མ་འགྲུབ་པའི་ཆ་ཞིག་རེད་ཟེར་ན་མི་ཆོག་པ་མེད་མོད། ཡིན་ནའང་། མི་རྣམས་ཀྱི་བསམ་བློ་དབུལ་ཞིང་མ་སྨིན་པ་ནི། མེས་པོར་ལེ་བདའ་བྱ་རྒྱུ་དང་། ཡང་ན་ང་ཚོས་མེས་པོའི་རིག་གནས་བོར་སོང་བ་གཅིག་པུས་མ་ཡིན་པར། ང་ཚོར་ལེ་ལོ་ཆེ་ཞིང་བསམ་གཞིགས་མི་བྱེད་པའི་གཤིས་ཀ་ངན་པ་ཞིག་ཡོད་པ་དང་འབྲེལ་བ་ཡོད་པ་ཤེས་དགོས་སོ། །
       སློབ་གསོ་ཞེས་པ་མིའི་རིགས་ཀྱི་ཚེ་སྲོག་ལ་མེད་དུ་མི་རུང་བའི་བྱ་དངོས་ཞིག་ཡིན་ལ། དེ་ཚེ་སྲོག་དང་དུས་མཉམ་དུ་བྱུང་ཞིང་། ཚེ་སྲོག་ཡོད་པ་ནས་བཟུང་སློབ་གསོ་ཞེས་པ་ཡོད། ལུས་རྟེན་འཇིག་ནའང་སློབ་གསོ་ལ་འཇིག་པ་མེད། སློབ་གསོ་ཞེས་པ་མཐོང་བ་མངོན་འགྱུར་གྱི་དགེ་རྒན་དང་སློབ་མ། སློབ་དེབ་དང་སློབ་ཁང་། ཡི་གེ་འབྲི་ཀློག ལས་བྱ་འབྲི་བ་དང་རྒྱུགས་སྤྲོད་པ་ཁོ་ནར་གོ་བ་ཙམ་ཞིག་མ་ཡིན་ནོ། ། བྱ་བ་དེ་དག་གིས་བསྐྱེད་པར་བྱ་བའི་བསམ་བློ་དང་། ནང་དོན། དམིགས་ཡུལ་སོགས་དང་འབྲེལ་བ་ཡོད་པར་མ་ཟད། ཆེས་གཏིང་ཟབ་པའི་བསམ་བློ་དང་ཆེས་མངོན་གསལ་གྱི་བྱ་སྤྱོད་སོགས་དང་འབྲེལ་བ་ཡོད་དོ། །མ་གཞི་སློབ་གསོ་ཞེས་པ་ཅི་ཞིག་ཡིན་པར་ངོས་ཟིན་གསལ་པོ་དགོས་ན་མིའི་བསམ་བློ་ནས་གླེང་དགོས། ཅིའི་ཕྱིར་ཞེ་ན། མིག་མཐོང་ལག་ཟིན་གྱི་སློབ་གསོའི་བྱ་སྤྱོད་གང་ཡིན་ཡོད་ཚད་བསམ་བློའི་གཏིང་གི་འདུ་ཤེས་དང་། ལྟ་བ། རྣམ་འགྱུར་བཅས་ཀྱི་འབྲས་བུ་ལས་མ་བྱུང་བ་ཞིག་མེད་དོ། །
       མི་ལེ་ལོ་ཅན་བྱ་བ་གང་ལ་འཕྲད་ན་དེར་རང་གིས་གང་དྲན་ལྟར་སྟབས་བདེའི་ལན་སྟེར་ངེས་ལ། བློ་སྦྱོང་མེད་པའི་མི་ཕལ་བ་ཚོས་ཕྱིའི་རྣམ་པར་བརྟེན་ནས་ཅི་ཞིག་ཞེས་པར་འགྲེལ་རྒྱག་སྲིད། བསམ་གཞིགས་བྱེད་སྟངས་དེ་ལྟ་བུ་ཡིས་མིའི་སེམས་ལ་མི་དགེ་བའི་སེམས་བྱུང་བསྐྱེད་པར་ཡུལ་དུས་རྒྱ་ཆེན་པོ་བསྐྲུན་ནས། མི་ཞིག་ལ་ངེས་པར་མཁོ་བའི་དཔྱོད་ཤེས་དེ་ནམ་མཁའི་ཕ་མཐར་གཡུག་ངེས་སོ། ། དཔྱོད་ཤེས་མེད་པའི་མིའི་ཀླད་པ་རུ་རང་གི་ལུས་ཀྱི་འདོད་པ་སྣ་ཚོགས་སྐོང་ཐུབ་མིན་དང་། རང་གི་གྲལ་རིམ་གྱི་ཐོབ་ཐང་དང་གོ་གནས་མཐོན་པོར་འགྱུར་མིན་སོགས་གཞན་གྱིས་ཁ་ལ་ཡང་ལེན་མི་ཕོད་པའི“དུག་གསུམ”གྱིས་བསྐྱེད་པའི་འདོད་པ་སྣ་ཚོགས་ཤིག་ལས་ཅི་ཡང་མེད། དེ་ལྟར། མིའི་བསམ་གཞིགས་ནི་ཁ་རུ་ལེན་དགོས་ནའང་མི་བཟོད་པའི་བྱ་བ་ངན་པར་རླབས་ཆེན་གྱི་མིང་ཚིག་གིས་མཛེས་རྒྱན་སྤྲོད་བྱེད་དང་། རང་གཞན་གཉིས་ཀར་མགོ་སྐོར་བྱེད་ཅིག་ལ་གྱུར་པ་རེད། དེ་ནི་བསམ་བློ་མ་ཡིན་ལ་རིགས་གཞུང་ཡང་མ་ཡིན། དེ་ནི“གཡོ་སྒྱུ”ཡིན་ནོ། །
       དེང་རབས་སྤྱི་ཚོགས་ནང་གཡོ་སྒྱུ་དེ་ནི་རིག་གནས་གཞན་པའི་དབང་ཆས་མནོལ་རྗེས་སྔར་ལས་ཀྱང་དཔོག་པར་དཀའ་བ་ཞིག་ཏུ་གྱུར་ཞིང་། དེས་སྤྱི་ཚོགས་དང་མི་སྒེར་བ། མ་འོངས་གང་ལའང་གནོད་པ་འཇལ་དཀའ་བ་ཞིག་བཟོ་ངེས་སོ། །དེའི་ཕྱིར། ང་ཚོས་ངེས་པར་དུ་བསམ་བློའི་གྲུབ་ཚུལ་གསལ་ཐག་ཆོད་པ་ཞིག་ཤེས་རྗེས། ད་གཟོད་སློབ་གསོ་ཞེས་པ་ཅི་ཞིག་ཡིན་པར་བགྲོ་གླེང་བྱ་དགོས།
       བསམ་བློའི་གྲུབ་ཚུལ་ལ་དབྱེ་ན་རིམ་པ་གསུམ་ཡོད་དེ། ཆེས་ནང་རིམ་ལ་འདུ་ཤེས་ཟེར། དེས་བྱ་དངོས་ཅི་ཞིག་ཡིན་པར་ལན་འདེབས་དགོས། ཅི་ཞིག་ཞེས་པས་བསམ་གཞིགས་པའི་འཚོ་གནས་ཀྱི་དགོས་མཁོ་ཐག་གཅད་སྲིད་དོ། །བར་རིམ་ནི་འདུ་ཤེས་ལས་བྱུང་བའི་ཐག་གཅོད་ཡིན་ཞིང་། ཐག་གཅོད་ཅེས་པའི་ཚད་གཞི་རིན་ཐང་གིས་འཇལ་དགོས་ལ། རིན་ཐང་ཞེ་ན། དགོས་མཁོ་ཚིམ་པའམ་ཚིམ་ཉེ་བ། ཡང་ན་གཅིག་མཐུན་ཞིག་ལ་ཟེར་ཞིང་། ཕྱིའི་བྱ་དངོས་ཀྱིས་བསམ་བློ་བའི་དགོས་མཁོ་བསྐོང་ཐུབ་མིན་མངོན་ནོ། །བསམ་བློའི་རིམ་པ་ཕྱི་མ་ནི་ཐག་གཅོད་ལས་བྱུང་བའི་མིག་མཐོང་ལག་ཟིན་གྱི་བྱ་བ་དང་། ཐབས་ཇུས། ཐབས་ཤེས། རྣམ་འགྱུར་སོགས་ཡིན་ནོ། ། རིགས་ལམ་འདི་ནི་ལྟ་སྒོམ་སྤྱོད་གསུམ་གྱི་རིགས་པས་འགྲེལ་ནའང་ཆོག་པ་རེད།
       སྤྱི་ཚོགས་ཤིག་ལ་སློབ་གསོའི་བྱ་བ་དང་། དཔལ་འབྱོར་བྱ་བ། ཁྲིམས་ལུགས་བྱ་བ། ཆབ་སྲིད་བྱ་བ། ཆོས་ལུགས་བྱ་བ། སྒྱུ་རྩལ་བྱ་བ། འཚོ་བའི་བྱ་བ་སོགས་རྣམ་པ་སྣ་ཚོགས་ཤིག་ཡོད། བྱ་བ་དེ་དག་ཚང་མ་ནི་སོ་སོའི་རྒྱབ་ཀྱི་རིན་ཐང་ལས་བྱུང་ཞིང་། རིན་ཐང་ནི་འདུ་ཤེས་དང་ལྟ་བ་ལས་བྱུང་བ་ཡིན། དེའི་ཕྱིར། བསམ་བློའི་ཆེས་གཏིང་མ་ནི་འདུ་ཤེས་ཡིན་ཞིང་། འདུ་ཤེས་གཙོ་བོ་ཡིན་ནོ། །དེས་ན། འདུ་ཤེས་ཇི་ལྟར་བྱུང་བ་རེད་ཅེ་ན། དཔྱད་གཞི་འདི་ལ་ལན་མི་འདྲ་བ་སྣ་ཚོགས་ཡོད་ལ། དེ་ནི་མི་རིགས་སོ་སོའི་བསམ་བློ་ལས་བྱུང་བའི་རིགས་གཞུང་གི་ཟབ་ཚད་དང་འབྲེལ་བ་ཡོད་པར་མ་ཟད། མི་བུ་སྒེར་བ་རེ་རེའི་བློ་སྦྱོང་དང་བསམ་བློའི་གཏིང་ལ་ཟབ་ཚད་ཅི་ཡོད་སོགས་དང་འབྲེལ་བ་ཡོད་དོ། །
       མི་རིགས་སུ་ཞིག་ཡིན་ན་རང་ཉིད་ཀྱི་བསམ་བློ་བསྐྲུན་དུས་སྤྱི་ཚོགས་དངོས་ཀྱི་གནད་དོན་ལ་གཞི་བཅོལ་ནས་ལམ་དུ་འབུད་དགོས་ལ། གོམ་པ་རེ་རེས་ཞིབ་འཇུག་ཇེ་ཟབ་ནས་ཇེ་ཟབ་ཏུ་བཏང་སྟེ། གནད་དོན་གྱི་རྩ་བ་དང་། རྩ་བའི་རྩ་བར་རྩད་ཞིབ་བྱ་བ་རེད། གནད་དོན་ཇི་ལྟར་རྩད་ཞིབ་གསལ་པོ་བྱས་ན། དེ་ལྟར་བསམ་བློ་བཙུགས་པ་ཇེ་གསལ་དུ་འགྲོ་ཞིང་། སྤྱི་ཚོགས་འཚོ་བའི་ནང་གི་སྤྱོད་པ་ཡང་ལུགས་དང་མཐུན་པར་འགྱུར་སྲིད་དོ། །མིའི་རིགས་ཀྱི་ཤེས་རབ་འཕེལ་པའི་བརྒྱུད་རིམ་ནང་། དྲི་བ་དང་པོ་ཞིག་ལ་ངེས་པར་འཕྲད་སྲིད། དྲི་བ་དང་པོ་དེ་ནི་རང་གི་ཚེ་སྲོག་ཅི་ཞིག་རེད་ཅེས་པའི་དྲི་བ་ལས་ཀྱང་རྩ་བའི་རྩ་བ་ཡིན་ཞིང་། དེ་ནི་འཇིན་རྟེན་གྱི་བྱ་དངོས་ཐམས་ཅད་ཇི་ལྟར་བྱུང་བ་རེད། བྱ་དངོས་ཐམས་ཅད་ཀྱི་རྩ་བ་གང་ནས་ཡོད། བྱ་དངོས་ཐམས་ཅད་ཇི་ལྟར་ཕན་ཚུན་མཉམ་ལས་དང་མཉམ་གནས་བྱས་པ་རེད། དཔྱད་གཞི་དེ་རྩ་བར་བཟུང་ནས་མི་རྣམས་ཀྱིས་ལན་མི་འདྲ་བ་སྣ་ཚོགས་བཙལ་ལ། དེ་ལས་མིའི་རིགས་ཀྱི་ཚེ་སྲོག་གི་འཁོར་ལོ་དང་སྤྱི་ཚོགས་མདུན་སྐྱོད་ཀྱི་འདེད་ཤུགས་བྱུང་བ་ཡིན་ནོ། ། དྲི་བ་དང་པོ་རྩད་ཞིབ་བྱས་པ་ལས་ཐོག་མར་བྱུང་བ་ནི་བསམ་བློ་ཡིན་ལ། མི་རིགས་མི་འདྲ་བ་ལ་རྩད་ཞིབ་ཀྱི་ཟབ་ཚད་ཀྱང་མི་འདྲ་རེ་ཡོད། རྩད་ཞིབ་ལས་བྱུང་བའི་ལན་ཡང་མི་འདྲ། དེའི་ཕྱིར། རིག་གནས་མི་འདྲ་བ་བྱུང་བ་རེད། དཔེར་ན། མི་རིགས་ལ་ལའི་དྲི་བ་དང་པོ་མི་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་པའི་ཚད་དུ་ལུས་ཡོད། ཡང་མི་རིགས་ལ་ལའི་དྲི་བ་དང་པོ་གནམ་ས་ཇི་ལྟར་གྲུབ་པ་ཡིན་པའི་རྩད་ཞིབ་ཀྱི་ཚད་དུ་ལུས་ཡོད། མི་རིགས་ལ་ལས་དྲི་བ་དང་པོ་སྲོག་ལྡན་ཐམས་ཅད་ཇི་ལྟ་བུ་ཞིག་ཡིན་པར་རྩད་ཞིབ་བྱེད་པའི་ཚད་དུ་ཡོད་དོ། ། དཔྱད་གཞི་ལ་རྩད་ཞིབ་ཇི་ལྟར་ཟབ་ན་དེ་ལྟར་དཔྱད་པའི་འབྲས་བུ་ལྐོག་གྱུར་ཡིན་སྲིད། ལྐོག་གྱུར་གྱི་ཚད་ཇི་ལྟར་ཟབ་ན་མིའི་བསམ་བློའི་ནང་དོན་དེ་ལྟར་ཕུན་སུམ་ཚོགས་པ་ཡིན་ཞིང་། བསམ་བློའི་ཡུལ་དུས་རྒྱ་ཆེ་ཞིང་མཐའ་མེད་པ་ཞིག་ཀྱང་ཡིན་ནོ། །མི་རིགས་ལ་ལས་དྲི་བ་དང་པོའི་རྩད་ཞིབ་ཀྱི་དྲིས་ལན་ནི་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་དང་འབྲེལ་བའི་ལྷ་རེ་ཡང་ཡོད་པར་འདོད་ལ། མི་རིགས་ལ་ལས་དྲི་བ་དང་པོའི་རྩད་ཞིབ་ཀྱི་དྲིས་ལན་ལས་མི་ནི་ལྷ་ཆེན་གང་ཡང་རུང་བ་ཞིག་གིས་བསྐྲུན་པ་ཞིག་ཡིན་པར་འདོད། ཡང་མི་རིགས་ལ་ལས་དྲི་བ་དང་པོའི་རྩད་ཞིབ་ལས་མི་ནི་རང་བྱུང་ཁམས་ཀྱི་རྣམ་རིག་ཅན་གྱི་སྒོང་བ་ཞིག་ལས་བསྐྱེད་པ་ཡིན་པར་འདོད། ཡང་མི་རིགས་ལ་ལས་བྱ་དངོས་ཡོད་དོ་ཅོག་སྟེ། རི་ཆུ་དང་། ནམ་མཁའ། རྒྱུ་སྐར། ཐ་ན་ཚེ་སྲོག་ཚུན་ཆད་ལྷ་ཆེན་པོ་ཞིག་གིས་བསྐྲུན་པ་ཡིན་པར་འདོད། མདོར་ན། ས་ཁུལ་མི་འདྲ་བར་འཚོ་བ་རོལ་པའི་མི་རྣམས་ལ་དྲིས་ལན་མི་གཅིག་པ་སྣ་ཚོགས་ཡོད་མོད། ཡིན་ནའང་། ལོ་རྒྱུས་སུ་དྲིས་ལན་མི་གཅིག་པ་དེ་དག་ཕན་ཚུན་ལ་ཤན་ཤུགས་ཐེབས་ཤིང་མཉམ་འདྲེས་བྱུང་བའི་གནས་ཚུལ་ཡང་ཡོད། དེ་དང་ལྡོག་པའི་གནས་ཚུལ་ཞིག་ནི། དངོས་ཡོད་སྤྱི་ཚོགས་ནང་རྒྱུ་རྐྱེན་གཙོ་བོ་དང་། མི་རིགས་མི་གཅིག་པ། ལས་རིགས་སྣ་ཚོགས་གཉེར་མཁན་དག་ཕན་ཚུན་ལ་མཁོ་བའི་འབྲེལ་འདྲིས་དང་། མཉམ་ལས་ཀྱི་རིན་ཐང་ཚད་གཞི་བཅས་ལ་དྲིས་ལན་མི་འདྲ་བ་དག་གིས་ཤུགས་རྐྱེན་ཐེབས་པར་མ་ཟད། དེས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་བསམ་བློ་གྲུབ་པ་རེད།(རིག་གནས་རིན་ཐང་མ་ལག) མི་སུ་ཡིན་ན་དེ་འདྲ་བའི་སྤྱི་ཚོགས་བསམ་བློའི་ཤུགས་རྐྱེན་དང་སློབ་གསོ་ལས་རང་ཉིད་ལ་དབང་བའི་བསམ་བློའི་འཇིག་རྟེན་གྲུབ་པ་རེད། དེ་ལ་མི་བུ་སྒེར་གྱི་བསམ་བློ་ཞེས་ན་ཡང་ཆོག་པ་རེད། བསམ་བློ་སྨིན་པའི་ཚད་དང་སྐད་ཆའི་དག་ཆའི་ཚད་གཉིས་ལ་འབྲེལ་བ་ཡོད། གལ་སྲིད་སྐད་ཆས་བརྗོད་བྱ་ཟབ་མོའི་དོན་གསལ་པོ་སྟོན་མི་ཐུབ་དང་། ཡང་དག་པའི་སྒྲིག་གཞི་ཞིག་འཆར་འགོད་བྱ་མི་ཐུབ་ཞིང་། དོན་སྙིང་མི་གཅིག་པའི་ཆོས་ཕན་ཚུན་བར་གྱི་འབྲེལ་བ་གསལ་ཐག་ཆོད་པར་སྟོན་མི་ནུས་ན། བསམ་བློ་གཟབ་ནན་ཡིན་མི་སྲིད་དོ། །
       མིའི་རིགས་བྱུང་ནས་དེང་གི་བར། མི་རིགས་སོ་སོས་ཕན་ཚུན་གྱི་དྲིས་ལན་ཅི་ཞིག་ཡིན་པར་རྒྱུས་ལོན་ཅུང་ཟད་ཡོད་ལ། དྲིས་ལན་དེ་དག་ལ་བརྟེན་ནས་ང་ཚོས་བསམ་བློའི་རྨང་གཞི་དང་གསར་བསྐྲུན་བྱས་པའི་སྤྱི་ཚོགས་ལ་རིགས་ཅི་ཡོད་རྟོགས་ཐུབ་པ་རེད། དེའི་ཕྱིར། ང་ཚོས་རང་མི་རིགས་ཚུད་པའི་རིགས་སོ་སོའི་བསམ་བློའི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོས་པར་མ་ཟད། དྲི་བ་དང་དྲིས་ལན་མི་འདྲ་བ་སྣ་ཚོགས་ལ་དབྱེ་ཞིབ་དང་། བསྡུར་པ། རང་ལ་ཕྱིར་རྟོག་བཅས་བྱ་དགོས་ལ། དེའི་དམིགས་ཡུལ་ནི་རང་གི་མེས་པོའི་དྲིས་ལན་དང་པོའི་རྨང་གཞིའི་སྟེང་ཕྱི་རབས་པ་ཚོའི་མི་ཚེ་མུ་མཐུད་དུ་བདེ་སྐྱིད་ཡོང་བར་བདེན་བརྩེ་མཛེས་གསུམ་དང་། རྫུན་ངན་བཙོག་གསུམ་སོགས་རིག་གནས་ཀྱི་རིན་ཐང་མ་ལག་དང་མཐུན་ཞིང་། རང་བྱུང་ཁམས་དང་། ཚེ་སྲོག མིའི་གནད་དོན་སོགས་དང་འཕྲོད་པའི་དྲིས་ལན་གསར་པ་ཞིག་འཚོལ་དགོས་པ་ཡིན་ནོ། །
       སློབ་གསོ་ཞེས་པ་ཅི་ཞིག་ཡིན་པ་རྩད་འདྲི་བྱ་དུས། རང་ལ་མེས་པོའི་དྲི་བ་དང་པོའི་དྲིས་ལན་གྱིས་ཤུགས་རྐྱེན་ཐེབས་ཡོད་ལ། ཁྱིམ་མཚེས་རིག་གནས་ཀྱིས་ཀྱང་ང་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡིན་ནའང་། ཤུགས་རྐྱེན་དེ་དག་གཟབ་ནན་དང་མ་ལག་ལྡན་པའི་བསམ་བློའི་རྣམ་པར་གྲུབ་ཐུབ་པ་ཕར་ཞོག ཐ་ན་དོན་དག་མང་པོ་ཞིག་གཟབ་ནན་གྱི་ཐ་སྙད་ཀྱིས་ཚད་ལྡན་དུ་བཏང་མེད་ལ། ཚད་ངེས་ཅན་ཞིག་གི་སྟེང་ནས་མི་རྣམས་ད་རུང་འདོད་སྲེད་ཚིམ་མིན་དང་བསམ་ཚུལ་ལ་འགྲེལ་བཤད་ཙམ་དང་། ལྷག་པར་དུ་ཚེ་སྲོག་གི་སྐྱེ་འཆི་ཞེས་པ་ཅི་ཞིག་ཡིན་པ་ཞེས་པའི་ཚད་ན་ལུས་ཡོད། ཁྱིམ་མཚེས་གཞན་པ་དེས་དྲི་བ་དང་པོ་འདྲི་ཙམ་ཡང་ཐུབ་མེད་ལ། དཔྱད་གཞི་བཞག་པ་ཡོད་ཚད་ལུས་ཀྱི་ཁེ་ཕན་གྱི་ཚད་ཙམ་ན་ལུས་ཡོད། དེའི་ཕྱིར། བསམ་བློའི་ཤེས་རབ་ལ་ཇི་ལྟར་མི་ཞིག་བྱ་བའི་སྤྱོད་པའི་བསླབ་བྱ་རྐྱང་རྐྱང་ལས་གཞན་ཅི་ཡང་མེད་ལ། སྤྱོད་པའི་བསླབ་བྱ་དེ་དག་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཁྲིམས་ལུགས་ཀྱི་རིམ་པ་ལ་དེ་ལས་ཀྱང་འཕར་ཐུབ་མེད། རིག་གནས་དེ་ནི་རྒྱལ་པོ་བརྩི་ཞིང་རྒན་རབས་བཀུར་བ་སོགས་སྤྱི་ཚོགས་སྒྲིག་གཞི་ཙམ་གྱི་ཚད་དུ་ལུས་ཡོད། དེས་ན་སྤྱི་ཚོགས་དེ་ནི་གྲལ་རིམ་གྱི་ཚད་དུ་གནས་པ་ལས། མི་ཚང་མས་ཤེས་དགོས་ལ་བརྩི་ངེས་པའི་འདྲ་མཉམ་དང་། རང་དབང་། དམངས་གཙོ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་རྩ་བར་བཞག་སྟེ་བཙུགས་པའི་སྤྱི་ཚོགས་ཕྱོགས་སུ་འགྱུར་ཐུབ་མེད། དེའི་འབྲས་བུ་ནི། ཐུན་མོང་ཞེས་པ་མི་སྒེར་བ་རེ་རེའི་འཚོ་གནས་ཀྱི་གཞི་འཛིན་སར་གྱུར་པ་ལས། དོན་དམ་པའི་མི་བུ་སྒེར་བ་དང་། མིའི་རྩིས་ཐང་། སྤྱི་ཚོགས་ཀྱི་ཐོབ་ཐང་དང་གོ་བབ་ཟེར་བ་ཞིག་མེད་དོ། །ཞིབ་འདང་བརྒྱབ་ན་མི་དེ་འདྲས་གྲུབ་པའི་སྤྱི་ཚོགས་ང་ཚོའི་སེམས་ནང་གི་མི་ཐམས་ཅད་འདྲ་མཉམ་དང་ཁོར་ཡུག་ཞི་བདེ་ཡིན་པའི་ཤམ་བྷ་ལའི་སྤྱི་ཚོགས་སུ་ནམ་ཞིག་ལ་བསླེབ་སྲིད་དམ།
       ང་ཚོས་ཁས་མི་ལེན་རང་ལེན་ཞིག་ལ་ང་ཚོའི་སྲོལ་རྒྱུན་རིག་གནས་ནང་བདག་ཅེས་པ་བསམ་བློ་ཁོ་ནའི་འདུ་ཤེས་ཀྱི་ཚད་ཙམ་ཡིན། ཡང་ན་རང་གི་བསམ་བློར་དབྱེ་ཞིབ་དང་། ཐག་གཅོད་པ། ད་རུང་མུ་མཐུད་དུ་རང་ལ་འགྱུར་པ་གཏོང་བར་མཐའ་དཔྱོད་བྱེད་འཆར་ཡོད་པའི་འདུན་པ་དྲག་པོ་ཡོད། ཡིན་ནའང་། ང་ཚོས་བསམ་བློར་ངོས་འཛིན་བྱས་པ་ཡང་གཏིང་ཟབ་མོ་ཞིག་ལ་འགྲོ་ཐུབ་མེད་པར་ད་དུང་བསམ་བློའི་སྣང་ཚུལ་ངོས་འཛིན་ཙམ་གྱི་ཚད་དུ་ལུས་ཡོད་དོ། ། ང་ཚོས་བསམ་གཞིགས་རང་ཉིད་ལ་ཁ་གཏད་དུས། སེམས་ཀྱི་ཆེས་ཟབ་ས་རུ་གནས་པའི་འདང་བརྩེ་དང་། སེམས་བྱུང་། རེ་འདུན། འདུ་ཤེས་སོགས་ལ་མཚན་ཉིད(སྐད་ཆས་བརྗོད་བྱ་གང་དེ་གསལ་པོ་ཞིག་སྟོན་དགོས།)བཞག་སྟེ་རིགས་བརྒལ་ཐུབ་མེད་ལ། རིགས་གསལ་པོ་བརྒལ་མ་ཐུབ་ན། ང་ཚོས་གཏན་ཚིགས་ཀྱི་སྒོ་ནས་དབྱེ་ཞིབ་བྱ་མི་ཐུབ། དཔེར་ན། སྐད་ཆས་མི་ཞེས་པ་ཅི་ཞིག་ཡིན་པ་ཇི་ལྟར་གསལ་ཐག་ཆོད་པ་སྟོན་ཐུབ། དེ་མཚུངས་རང་བྱུང་དང་། ཚེ་སྲོག བརྩེ་བ། ཞི་བདེ། འདྲ་མཉམ། འདང་བརྩེ། ངན་པ། འཆི་བ། གསོན་པ། འདུན་པ། རང་དབང་སོགས་ཀྱང་ཇི་ལྟར་སྐད་ཆ་གསལ་ཐག་ཆོག་པ་ཞིག་གིས་སྟོན་རྒྱུ་ལྟ་བུ་རེད། གོང་གི་བརྗོད་བྱ་དེ་དག་གསལ་ཐག་ཆོག་པ་བཤད་པའི་ཚད་དམའ་ན་སྤྱི་ཚོགས་གང་དེའི་མི་རྣམས་རྨོངས་དད་ཆེ་ཞིང་བྲན་གཤིས་ཅན་ཞིག་ཏུ་འགྱུར་སྲིད། སྤྱིར་ན། བསམ་བློར་རང་སྐྱ་ཐུབ་པ་ཞིག་ཆགས་རྒྱུ་མི་ཉུང་ཤས་ཤིག་ལ་མ་གཏོགས་ཡོང་མི་ཐུབ་ཅིང་། མི་ཉུང་ཤས་དེས་ཀྱང་རང་གིས་མྱོང་བ་སྐད་ཆ་གསལ་ཐག་ཆོག་པ་ཞིག་གིས་གཞན་པར་བརྡ་སྟོན་མི་ཐུབ་པའི་དཀའ་ངལ་བྱུང་ན། དེས་རིག་གནས་ནི་ལྐོག་གྱུར་རང་ལུགས་པ་ཞིག་ཡིན་པའི་བག་ཆགས་འཇོག་སྲིད། ཡིན་ནའང་། མི་ཉུང་ཤས་དེ་ཚོར་མི་ཕལ་བས་གོ་དཀའ་བའི་ཆོས་རྟོགས་པའི་ཆ་རྐྱེན་འཛོམས་རྗེས། རང་ཉིད་གཞན་ལས་ཐུན་མོང་མ་ཡིན་པ་ཞིག་ཏུ་འདོད་དེ། མི་ཉུང་ཤས་དེ་ཚོས་མི་ཕལ་བ་དག་སྟངས་འཛིན་བྱེད་ལ། མཐར་མི་ཉུང་ཤས་ཀྱི་ཁ་ཡི་འདྲ་མཉམ་ཞེས་པ་ཡང་མི་གཞན་པ་སྟངས་འཛིན་གནང་བྱེད་ཀྱི་གཏམ་རྫུན་འབའ་ཞིག་ཏུ་གྱུར་པ་རེད། དེ་ལྟར་ནའང་། བརྗོད་བྱ་ཟབ་མོ་རྟོགས་པའི་མི་ཉུང་ཤས་དེ་དག་ནང་། མི་བཟང་པོ་སྐོར་ཞིག་མེད་པ་ཡང་མིན། ཡིན་ནའང་། མི་ཉུང་ཤས་དག་གི་རྟོགས་པ་ཧ་ཅང་མཐོན་པོ་མིན་པས་ངེས་པར་དུ་བརྗོད་བྱ་གསར་པ་མང་པོ་མུ་མཐུད་དུ་རང་གི་བསམ་བློའི་ནང་དུ་འཇུག་དགོས། སྐད་ཡིག་གི་ཆ་ནས་བཤད་ན། དོན་སྤྱི་མང་པོ་ཞིག་གིས་བསམ་བློའི་ནང་དོན་གཏིང་ཟབ་མོ་སྟོན་ཐུབ། དེའི་ཕྱིར། དྲི་བ་དང་པོའི་ནང་གི་ཆེས་གཏིང་ཟབ་པའི་བརྗོད་བྱར་རྩད་ཞིབ་བྱ་དགོས་སོ། །
       བསམ་བློ་བསྐྲུན་པར་རིགས་གཞུང་གི་ཟབ་ཚད་ཀྱིས་མ་འདང་ན། དངོས་ཡོད་སྤྱི་ཚོགས་ནང་འཚོ་བ་རོལ་པའི་མི་ཕལ་བ་ཚང་མས་བསམ་བློ་དབུལ་ཞིང་ཕོངས་པའོ། །བསམ་བློ་དབུལ་ཞིང་ཕོངས་ན། མི་རྣམས་ལ་རང་ཉིད་ཀྱི་རིན་ཐང་ཚད་གཞིར་ཁ་ལོ་བསྒྱུར་སྟོབས་མེད་ལ། དེའི་ཁར་སྲོལ་རྒྱུན་སྤྱི་ཚོགས་ཀྱི་གྲལ་རིམ་འདུ་ཤེས་ཀྱི་དྲི་ངན་ཤེས་མེད་ཚོར་མེད་ངང་མི་ལ་འགོས་ཤིང་། དྲི་ངན་དེས་མི་ཡི་བྱ་སྤྱོད་དངོས་ཡོད་སྤྱི་ཚོགས་ཀྱི་འབྱོར་ཕྱུག་དང་གོ་གནས་འཐོབ་པའི་ཕྱོགས་སུ་བསྒྱུར་སྲིད་དོ། །བསམ་བློའི་ཆ་ནས་བརྩེ་བ་ལ་མཚན་ཉིད་གཟབ་ནན་ཞིག་འཇོག་མ་ཐུབ་པས། མི་རྣམས་ཀྱིས་འདོད་ཡོན་གྱི་དགོས་མཁོ་ལྟར་རང་ཉིད་ཀྱི་རྩིས་ཐང་བསྐྲུན་སྲིད། ལོ་བཅུ་ཕྲག་རིང་མི་མང་པོ་ཞིག་སྲོལ་རྒྱུན་རིག་གནས་དང་ཁ་བྲལ་ཏེ། ལུས་ཀྱི་འདོད་པ་སྐོང་བྱེད་ཀྱི་རིག་གནས་ཀྱི་བསླུ་བྲིད་ཀྱི་དབང་གིས་རང་ཉིད་ཀྱི་གོ་གནས་མཐོན་པོ་དང་འབྱོར་ཕྱུག་འཛོམས་པ་རྩིས་ཐང་དུ་འདོད་ལ། དབང་ཆར་རྔམ་པའི་མི་ནི་གདོན་ནད་ཕོག་པ་འདྲ་བའི་རྣམ་པར་གནས་ཡོད། མི་འདི་ལྟ་བུས་དུས་ཡུན་ཐུང་ངུའི་ནང་རང་ཉིད་བཅུན་ཐུབ་ཅིང་། རང་འགུལ་གྱིས་སློབ་ལ་ཧ་ཅང་སྙིང་རུས་ཆེན་པོ་བྱེད་པ་དང་། ལས་ཀར་ནུས་ཤུགས་ཡོད་དགུ་འབུལ་བ་སོགས་འབད་བརྩོན་དེ་དག་ནི་དུས་ཡུན་ཐུང་ངུའི་ནང་རང་ལ་ཁེ་ཕན་དང་། དབང་ཆ་སྤྲོད་མཁན་གྱི་འདོད་པ་བསྐོང་བའི་ཆེད་དུ་ཡིན་པ་ལས། རང་གི་ཚེ་སྲོག་ལ་རང་གིས་སྟངས་འཛིན་བྱས་པ་ཞིག་མ་ཡིན་ནོ། །གལ་སྲིད་བརྩེ་བ་བྲལ་ཞིང་ཀུན་སློང་མི་གཙང་བའི་ཧུར་བརྩོན་ཅན་དེའི་རིགས་ལ་དབང་ཆ་ཐོབ་ཅིང་། ཁོ་ཚོ་གྲལ་རིམ་མཐོན་པོར་གྱུར་ན། ཁོ་ཚོས་མནའ་མི་བརྩི་ཞིང་། སྣང་བ་མཐོན་པོས་བདེན་པར་རྡོག་རྫིས་བྱས་ཏེ། མི་གཞན་ལ་སྟངས་འཛིན་བྱ་སྲིད་དོ། །ཁོ་ཚོས་རང་གི་ལས་གྲོགས་དང་། གྲོགས་པོ། ཐ་ན་ཁྱིམ་མི་ཚུན་ཆད་ཀྱི་ངོ་སོ་མི་སྲུང་བའི“རྣམ་པར་དག་པའི་རྣམ་འགྱུར”ཞིག་འཛིན་པར་རློམ་སྲིད་དོ། །ཁོ་ཚོས་གཞན་གྱི་གྲོས་གཞི་དང་དུ་ལེན་པ་ཕར་ཞོག གཞན་ལ་གདུང་སེམས་ཀྱང་སྐྱེ་མི་རུང་བ་ཞིག་འདོད་ལ། གལ་སྲིད་རང་ཉིད་ཀྱིས་དེ་ལྟར་བྱས་ན། གཞན་གྱིས་ཁོ་རང་ཉམ་ཆུང་ནུས་མེད་ཅིག་ཡིན་པར་འདོད་ངེས། ད་ལྟ་མི་འདིའི་རིགས་ལས་གནས་གང་གི་ཁོངས་སུ་ཡིན་ནའང་ཡོད། ང་ཚོའི་སྲོལ་རྒྱུན་གྱི་བཅུད་ལྟ་བུའི་རིག་གནས་ཏེ། བརྩེ་བ་ལྡན་པའི་མི་ཞིག་བྱེད་ཚུལ་གྱི་ཚད་གཞི་ལ་རླུང་ལྟ་བུའི་མགྱོགས་ཚད་ཀྱིས་གནོད་པ་བཟོ་བཞིན་ཡོད་མོད། ཁོ་ཚོས་ད་དུང་ཁ་ནས་ཚིག་སྙན་མོས་རང་ཉིད་ལ་རྒྱན་ཆ་སྣ་ཚོགས་འདོགས་སྲིད།
       བསམ་བློ་དབུལ་ཕོངས་ཀྱིས་མི་ལ་རེ་འགར་རང་སྣང་སྐྱིད་པོ་ཡོང་ཞིང་། ནམ་རྒྱུན་རང་ཉིད་འཛམ་གླིང་གི་དཔང་བོར་འདོད་པ་རེད། མི་འདི་ཡི་རིགས་ལ་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ཧ་ཅང་བཟང་པོ་འཛོམས་ལ། རང་ཉིད་རང་གི་ལོ་རྒྱུས་ལ་ཧ་ཅང་གསལ་ཆ་ཡོད། ཡིན་ནའང་། མི་ཞིག་ལ་ངེས་པར་ཚང་དགོས་པའི་བསམ་བློ་མི་ཚང་ཞིང་། ཁོ་ཚོར་གཞན་གྱིས་ཕུལ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པ་འཛོམས་པར་སྣང་བ་ཤིན་ཏུ་སྐྱིད་པོ་ཡོད། ཁོ་ཚོས་རང་ལ་ཐོབ་པའི་ཕུན་སུམ་ཚོགས་པའི་ཆ་རྐྱེན་དེ་དག་ལ་བརྟེན་ནས་མི་གཞན་ལ་གྲལ་རིམ་ཕྱེ་ཞིང་། རང་ཉིད་ནི་གྲལ་རིམ་ཧ་ཅང་མཐོན་པོར་རློམ་སྲིད། ཡིན་ནའང་། ཁོ་ཚོ་འབྱོར་བ་ལ་འཕྲད་དུས་ཁར་ཉན་ཞིང་གུས་པ་ཆེ་བའི་མི་ཞིག་ཏུ་འགྱུར་ངེས་པར་མ་ཟད། ཁོ་ཚོ་ལ་སྨྲ་བསམ་བརྗོད་མེད་ཀྱི་སྤྱོད་པ་ཞིག་འབྱུང་རྒྱུ་ཡོད་ལ། ཁོ་ཚོར་དངོས་པོའི་ཆ་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཕྱིར་ལུས་སུ་གོས་ཀྱང་འདྲ་ཆགས་པོ་གྱོན་ཞིང་། ཁ་རུ་ཟས་ཀྱང་རིན་གོང་མཐོ་ཞིང་སྤུས་ཀ་ལེགས་པོ་རྐྱང་རྐྱང་ཟ་བ་རེད། མི་འདི་རིགས་ཀྱིས་ནམ་ཡིན་ན་གཞན་ལ་རང་གིས་སྒྲུབ་ན་མི་འདོད་ཀྱང་སྒྲུབ་མི་ཕོད་པ་ཁོ་ན་བསྒྲུབ་པར་འཇུག་སྲིད་ལ། སྣང་མཐོ་རང་རློམ་ཅན་འདིས་རང་གིས་བསྒྲུབ་མི་ཕོད་པ་འདྲ་བ་ཞིག་གཞན་གྱིས་སྒྲུབ་ཕོད་ན། སྣང་མཐོ་རང་རློམ་ཅན་འདིས་བསྟོད་ཅིང་བསྔགས་སྲིད། མ་སྨིན་ཞིང་རང་སྣང་མཐོ་བའི་བསམ་བློ་ཡིས་སྤྱི་ཚོགས་འཕེལ་རྒྱས་ལ་ཉེན་ཁ་དང་བར་གཅོད་བཟོ་ངེས་ཡིན། གནད་དོན་འདི་རིགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ང་ཚོའི་བསམ་བློའི་ནང་གི་མི་དང་མིའི་འབྲེལ་བའི་དོན་སྤྱི་གསལ་པོ་མ་ཡིན་པ་དང་འབྲེལ་བ་ཡོད། དཔེར་ན། མི་ཞེས་པ་ཅི་ཞིག་ཡིན་པ་མ་ཤེས་ན། དེ་མཚུངས་མིའི་རྩིས་ཐང་ཞེས་པ་དང་། དཔྱོད་ཤེས་ཞེས་པ། ཚོར་སྣང་ཞེས་པ་སོགས་ཀྱང་ཅི་ཞིག་ཡིན་པ་མི་ཤེས། སྙིང་རྗེ་སྤུ་ཙམ་ཡང་མེད་པའི་མི་འདི་རིགས་ཀྱིས་གཞན་ལ་སྐྱོན་བརྗོད་བྱེད་པར་ཐེ་ཚོམ་མེད་ལ། གཞན་པ་ཁོའི“བསྟོད་སྐུལ”ལྟར་ཤི་ན་ཚད་དང་མཐུན་པར་འདོད། གལ་སྲིད་མིའི་རྨང་གཞིར་གྱུར་པའི་གནད་དོན་ལ་ངོས་འཛིན་རབ་རིབ་ཅིག་ཡིན་སོང་ན། ངོས་འཛིན་ཚོར་སྣང་གི་རིམ་པ་ན་ལུས་ཡོད། ང་ཚོའི་བསམ་བློ་གཟབ་ནན་མ་ཡིན་ཟེར་ན་དེ་རེད། དེ་བཞིན་སྤྱི་མཚན་ལ་མཚན་ཉིད་གསལ་པོ་འཇོག་མ་ཐུབ་ན། བསམ་བློ་ཆ་ཚང་དུ་འགྱུར་མི་སྲིད་དོ། །ཡིན་ནའང་། བསམ་བློ་ཆ་ཚང་ན་བདེན་པ་ཡིན་པའི་ཅི་ལ་ཁྱབ། དེ་རིང་འདིར་ང་ཚོས་ཅི་ཞིག་བདེན་པ་ཡིན་པར་བགྲོ་གླེང་བྱ་འཆར་མིན། ང་ཚོས་འདིར་བསམ་བློ་གྲུབ་བྱེད་ལ་རིམ་པ་གསུམ་ཡོད་པའི་སྐོར་བཤད་འདོད་བྱུང་།
       སློབ་གསོ་ཞེས་པ་མིའི་བསམ་བློ་ཡིན་ཞིང་། དེ་རིམ་པ་གསུམ་གྱིས་གྲུབ་ཡོད། གལ་སྲིད་སློབ་གསོ་ཞེས་པ་ཅི་ཞིག་ཡིན་པར་རྩད་ཞིབ་མེད་ན། སློབ་གསོའི་བྱ་བ་ཇི་ལྟར་ཐག་གཅོད་ལ་ཚད་གཞི་མེད་འགྲོ། དེ་མ་ཡོད་ན་གཞན་གྱི་རྗེས་སུ་འགྲོ་བ་ལས། རང་ལ་བསམ་བློ་ཡོད་མི་སྲིད། སློབ་གསོ་ཞེས་པ་ཅི་ཞིག་ཡིན་པའི་ལན་གསལ་པོ་མ་ཡོད་ན། སློབ་གསོའི་བྱ་བ་སྒྲུབ་དུས་དཔྱད་པ་གཏོང་མི་ཤེས་པར་གཞན་གྱིས་ཅི་བཤད་ཀྱི་རྗེས་སུ་འགྲོ་བ་ལས་ཐབས་མེད་ལ། དེའི་འབྲས་བུ་ནི་སློབ་གསོ་གཞན་གྱི་ལག་ཆ་རུ་འགྱུར་བ་དང་། མི་ཡང་ལག་ཆའི་ཡུལ་དུ་གྱུར་ན། མི་ལ་འཚོ་གནས་ཀྱི་སྙིང་པོ་བྲལ་སོང་བ་རེད།
       སློབ་གསོ་ཞེས་པ་ཅི་ཞིག་ཡིན་པའི་ལན་ཇི་ལྟར་འདེབས། སློབ་གསོ་ཇི་ལྟར་བྱ། ཅི་ཞིག་ཁྲིད། ཅི་ཞིག་སློབ། ཇི་ལྟར་ཁྲིད། ཇི་ལྟར་སློབ། དཔྱད་གཞི་དེ་དག་ནི་མིའི་འཕེལ་རྒྱས་ཀྱི་གནད་དོན་རེད་ལ། སློབ་གསོའི་བྱ་བའི་ཁ་ཕྱོགས་དང་དྲི་བ་དང་པོ་སྐུལ་བྱེད་ཀྱི་དངོས་རྒྱུ་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བ་ཡང་ཡིན། ལོ་རྒྱུས་ཀྱི་ཆ་ནས་བཤད་ན། གནའ་བོའི་གྷི་རིག་སྐབས་ཀྱི་པི་ལེ་ཐོས་ཕུགས་བསམ་རྒྱལ་ཁབ་བསྐྲུན་ཏེ་མིའི་རྣམ་ཤེས་རང་སྐྱ་ཐུབ་པ་གཙོ་བོ་བཟུང་བ་ནས། དེའི་རྗེས་ཨ་རི་སེ་ཁྲོའོ་ཁྲལ་ལ་ཐུག་དུས་མི་བུ་སྒེར་གྱི་རྣམ་ཤེས་གཙོ་བོར་འཛིན་པའི་ཚད་དུ་སླེབས། དུས་རབས་བར་མའི་སྐབས་ཆོས་ལུགས་སློབ་གསོ་དང་། རིག་རྩལ་བསྐྱར་དར་ནས་དེང་རབས་སློབ་གསོའི་རིམ་པ་བརྒྱུད་པའི་དུས་རབས་སོ་སོའི་རིང་། སློབ་གསོ་ཞེས་པ་ཅི་ཞིག་ཡིན་པའི་དྲིས་ལན་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་མུ་མཐུད་འཐུས་ཚང་དང་ཕུན་སུམ་ཚོགས་པར་གཏོང་བའི་གོ་རིམ་ཞིག་བརྒྱུད་ཡོད་དོ། །སློབ་གསོ་འཕེལ་རྒྱུས་ཀྱི་བརྒྱུད་རིམ་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དཔལ་ཡོན་གྱི་འཕེལ་རིམ་ཐག་བཅད་ཡོད་ལ། མི་རིགས་དང་རྒྱལ་ཁབ་ཀྱི་མི་རེ་རེའི་བདེ་སྐྱིད་ཀྱི་གོ་རིམ་ནི་སློབ་གསོ་འཕེལ་རྒྱས་ཀྱི་འབྲས་བུ་ཡིན། ཀྲུང་གོའི་དེང་རབས་སློབ་གྲྭ་བཙུགས་ནས་ལོ་ངོ་བརྒྱ་ལྷག་ཡིན་ནའང་། ཚེ་སྲོག་གི་དྲི་བ་དང་པོ་ལ་རྩད་ཞིབ་མ་བྱས་པས། སློབ་གསོ་ཅི་ཞིག་ཡིན་པའི་དཔྱོད་ཤེས་ཀྱི་བློ་ཟབ་མོ་མིན། དེའི་ཕྱིར། ང་ཚོས་ཀྱང་སློབ་གསོ་མི་བུ་སྒེར་དང་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དང་འབྲེལ་བ་ཡོད་པར་རིགས་པས་མ་དཔྱད་ན། ང་ཚོ་སློབ་གསོའི་ལས་ཀ་བ་ཚད་ལྡན་ཞིག་ཏུ་འགྱུར་མི་སྲིད་དོ། །
       དགེ་རྒན་བསོད་རྡོ་ལགས་ཀྱི་དེབ་འདིས་ཀློག་མཁན་ཚོ་ལ་སློབ་གསོར་ཇི་ལྟར་དཔྱད་པ་གཏོང་བ་དང་། སློབ་གསོ་ལག་ལེན་བྱེད་དུས་ང་ཚོས་རང་གི་བསམ་བློའི་གནད་དོན་ལ་ཇི་ལྟར་འཚོལ་ཞིབ་བྱ་བ། རང་ཅག་མ་འོངས་འཕེལ་རྒྱས་ཀྱི་ལམ་དུ་གནད་དོན་གང་ཞིག་ལ་འཕྲད་སྲིད་པ་སོགས་ཀྱི་ཐད་དཔྱད་གཞི་ཡག་པོ་ཞིག་གནང་ཡོད། དེའི་ཕྱིར། ངས་སྤུན་ཟླ་ཚོ་ལ་སློབ་གསོའི་ལག་ལེན་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་འདུས་པའི་དེབ་འདི་ཞིབ་མོ་ཞིག་ཀློག་པར་རེ་སྐུལ་ཞུས་པ་ཡིན། དེབ་འདི་ཀློག་པ་ལ་བརྟེན་ནས། ང་ཚོའི་དེ་རིང་གི་སློབ་གསོ་ལ་གནད་དོན་ཅི་ཞིག་ཡོད་པ། འུ་ཅག་གི་མ་འོངས་པའི་མི་བུ་སྒེར་བ་རེ་རེ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཅི་འདྲ་ཞིག་ཡིན་དགོས་པ། སློབ་གསོ་ཅི་ལྟ་བུ་ཞིག་བསྒྲུབ་དགོས་པ་སོགས་ལ་ཕྱིར་རྟོག་ཐུབ་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།