ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་སྐམ་སར་ས་ཡོམ་བྱུང་བ་མང་ཤོས་སུ་གཏོགས།
མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་སྐམ་སར་ས་ཡོམ་བྱུང་བ་མང་ཤོས་སུ་གཏོགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-10-17 08:07:00
ཀློག་གྲངས།:
མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་སྐམ་སར་ས་ཡོམ་བྱུང་བ་མང་བའི་ས་ཁུལ་གཙོ་བོ་ཡིན།
འབྲེལ་ཡོད་དཔྱད་གཞི་ལྟར་ན། 1900ལོའི་ཚུན་ལ་མདོ་དབུས་མཐོ་སྒང་དུ་རིམ་པ7ཡན་གྱི་ས་ཡོམ་ཆེན་པོ་ཐེངས40ལ་ཉེ་བ་བྱུང་ཞིང་། ས་སྙོམས་བྱས་ན་ལོ3རེའི་ནང་དུ་ས་ཡོམ་ཆེན་པོ་རིམ་པ7ཡན་ཐེངས1རེ་འབྱུང་བཞིན་ཡོད། མཚོ་སྔོན་དང་། བོད་རང་སྐྱོང་ལྗོངས། སི་ཁྲོན། ཀན་སུའུ་སོགས་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཚང་མར་རིམ་པ8ཡན་གྱི་ས་ཡོམ་ཆེན་པོ་བྱུང་མྱོང་སྟེ། དཔེར་ན། 2001ལོའི་ཟླ11པའི་ཚེས14ཉིན་ཨ་མདོའི་ཁུ་ནུ་རི་བོའི་ནུབ་ཕྱོགས་ལ་ས་ཡོམ་རིམ་པ8.1ཅན་དང་། 2008ལོའི་ཟླ5བའི་ཚེས12ཉིན་རྒྱལ་རོང་ཁྲི་ཚང་ས་ཆར་རིམ་པ8.0ཅན། 1950ལོའི་ཟླ8པའི་ཚེས15ཉིན་རྫ་ཡུལ་རྫོང་ལ་རིམ་པ8.6ཅན། 1950ལོའི་ཟླ8པའི་ཚེ15ཉིན་འདམ་གཞུང་རྫོང་ལ་རིམ་པ8.0ཅན། 1927ལོའི་ཟླ5བའི་ཚེས27ཉིན་མདོ་སྨད་ཀུའུ་ལིང་ལ་རིམ་པ8.0ཅན་བཅས་བྱུང་། ཉེ་བའི་ལོ་ངོ100ཡི་ནང་དུ་ཡོམ་རིམ5.0ཅན་ནས6.9ཅན་གྱི་ས་ཡོམ་དྲག་པོ་དང་འབྲིང་བ1000ལྷག་ལ་བྱུང་མྱོང་ལ། མཐོ་སྒང་གི་གྲུ་ཟུར་སོ་སོ་དང་ཆགས་གྲུབ་ཀྱི་ས་རྒྱུད་སོ་སོར་ས་ཡོམ་གྱིས་ཁྱབ་པ་དང་། ས་ཡོམ་གྱི་འགུལ་སྐྱོད་ཁྱབ་རྒྱ་ཆེ་བ་དང་དྲག་ཚད་ཆེ་བ། འབྱུང་ཐེངས་མང་བའི་ཁྱད་ཆོས་མངོན་ཡོད།ཞིང་ཆེན་སོ་སོར་ཁྱབ་པའི་ཁྱད་ཆོས།
མཐོ་སྒང་གི་ནང་ཁུལ་དུ། ཆགས་གྲུབ་འདི་དག་གི་ཁྱད་ཆོས་དང་ས་ཡོམ་ཁྱབ་ཚུལ། དེས་བཟོས་པའི་གནོད་འཚེ་ནི་ཞིང་ཆེན་སོ་སོར་ཁྱད་པར་ངེས་ཅན་རེ་ཡོད་དེ། ཁྱད་ཆོས་འདྲ་སའང་ཡོད་ལ་མི་འདྲ་སའང་ཡོད། བོད་རང་སྐྱོང་ལྗོངས་ནི་མདོ་དབུས་མཐོ་སྒང་གི་ནུབ་ཕྱོགས་སུ་ཡོད་པ་དང་། ས་དབྱིབས་ཀྱི་རྣམ་པ་ཧ་ཅང་མང་ལ། ས་ངོས་ཆགས་ཚུལ་ལ་ཧི་མ་ལ་ཡ་རི་ཁུལ་དང་བྱང་ཐང་མཐོ་སྒང་ཡོད་པར་མ་ཟད། ད་དུང་གཙང་ལྷོའི་གྲོག་རོང་དང་དབུས་ཤར་གྱི་རི་མཐོའི་གྲོག་རོང་ཡང་ཡོད། ཡར་ཀླུང་གཙང་བོའི་གས་སྲུབས་ས་རྒྱུད་དང་། སྤང་གོང་མཚེའུ--ནག་ཆུའི་གས་སྲུབས་ས་རྒྱུད། ཁུ་ནུ་ལྷོ་ངོས་ཀྱི་གས་སྲུབས་ས་རྒྱུད་ནི་ལྗོངས་ཡོངས་ཀྱི་ས་ཡོམ་ཆེན་པོ་འབྱུང་ཡུལ་གཙོ་བོ་ཡིན། གས་སྲུབས་ས་རྒྱུད་འདི་གསུམ་པོས་བོད་རང་སྐྱོང་ལྗོངས་་ཡོངས་ལ་ས་ཡོམ་ས་རྒྱུད8དུ་བགོས་ཡོད་ལ། ས་ཡོམ་མང་ཆེ་བ་ཞིག་ས་ཡོམ་ས་རྒྱུད8པོའི་སྟེང་དུ་བྱུང་བར་མ་ཟད། ས་ཡོམ་ཤིན་ཏུ་མང་བ་དང་གཏོར་ཤུགས་ཅུང་ཆེ་བ་ཡིན།
ཡུལ་ཤུལ་དང་དཀར་མཛེས་ཀྱི་གས་སྲུབས་ནས་ཤར་ལྷོའི་ཕྱག་ཆུའི་གས་སྲུབས་བར་དུ། 1747ལོ་ནས་ད་ལྟའི་བར་ས་ཡོམ་གཏོར་བརླག་ཅན་ཐེངས10ལྷག་བྱུང་། དེ་ལས་གྲགས་ཆེ་ད་ནི1786ལོར་དར་རྩེ་མདོ་རུ་ས་ཡོམ་རིམ་པ7ཅན་དང་། བྲག་མགོ་རུ1816ལོར་རིམ་པ7ཅན། 1973ལོར་རིམ་པ7.6ཅན་བཅས་བྱུང་། ས་ཡོམ་ཆེན་པོ་འདི་དག་གིས་བསྐྱེད་པའི་གས་སྲུབས་ཀྱིས་ས་ངོས་གཏོར་གས་དང་དབྱིབས་འགྱུར་ས་རྒྱུད་ཧ་ཅང་གསལ་བོར་བཞག་པ་ནི་ས་ཡོམ་ཆེན་པོའི་ཤུལ་རྗེས་ཡིན། ས་ཡོམ་ཆེན་པོ་དང་མཉམ་དུ་གནོད་འཚེ་ཡང་ཚབས་ཆེན་བཟོས་ཡོད།
ཀན་སུའུ་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་ན་ཡོད། དེའི་མངའ་ཁོངས་ཀྱི་ལྷོ་ན་ཆགས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་རྒྱུད་ཡིན་ལ། རྡུང་ལེན་གྱི་ཕ་ས་ཞེས་སྙན་པའི་གྲགས་པ་སྲིད་ན་ཁྱབ། ས་དེ་ནི་དྲག་ཏུ་བཙུར་ཞིང་མནན་ནས་འབུར་བའི་བར་རྒྱུད་ལ་གཏོགས་ཤིང་། ལྷོ་བྱང་ཆགས་གྲུབ་ས་རྒྱུད་ཀྱི་བྱང་དུམ་ཡིན། གས་སྲུབས་ཅུང་ཆེན་པོ་ཐེངས7ལ་བྱུང་མྱོང་། ས་ཡོམ་རིམ་པ5ཡན་ཐེངས34ལ་བྱུང་མྱོང་བ་དང་། 1879ལོར་ཝུ་ཏོ་ལྷོར་ས་ཡོམ་རིམ་པ8ཅན་བྱུང་། ཉེ་བའི་ལོ20རིང་ལ། 1987ལོར་ཐེ་བོ་རུ་ས་ཡོམ་རིམ་པ5.9ཅན་དང་། 2004ལོའི་ཟླ9བའི་ཚེས7ཉིན་ཅོ་ནེ་དང་ལིན་ཐོ་རུ་ས་ཡོམ་རིམ་པ5.0ཅན་བྱུང་བ་དེ་དག་གིས་གྱོང་གུད་ཚབས་ཆེན་བཟོས་པ་རེད།
སི་ཁྲོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ན་ཡོད་ཅིང་། མདོ་ཁམས་ཀྱི་ཆགས་གྲུབ་བྱ་འགུལ་ཆེས་ཛ་དྲག་ཆེ་ས་ཡིན། ས་ཡོམ་འགུལ་སྐྱིད་ཀྱི་ཡོམ་ཚད་མཐོ་ལ་དྲག་ཚད་ཆེ། གནོད་པའང་ཤིན་ཏུ་ཆེ་བ་ཡིན། ས་ཁུལ་འདིའི་གས་སྲུབས་ས་རྒྱུད་ཀྱི་གནས་ཚུལ་གོང་དུ་བཤད་ཟིན་ལ། ཁྲོན་ནུབ་མཐོ་སྒང་གི་གས་སྲུབས་ས་རྒྱུད་གཞན་ཞིག་སྟེ། ལུང་མིན་རི་བོའི་གས་སྲུབས་ས་རྒྱུད་ཀྱང་ལོ་རྒྱུས་སྟེང་གྲགས་འགུལ་ཅུང་མང་བ་ཞིག་རེད། དེ་ནི་ཤར་བྱང་ནས་ལྷོ་ནུབ་ཕྱོགས་ཀྱི་སི་ཁྲོན་གཤོང་སའི་བས་མཐའ་བརྒྱུད་དེ་ཁྱབ་ཡོད་ཅིང་། གས་སྲབས་ཆེན་པོ་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ལ་རྒྱ་ཡང་ཧ་ཅང་ཆེ། གོང་དུ་བཤད་པ་ལྟར། ཧིན་རྡུ་དུམ་ལེབ་ཀྱིས་རྐྱེན་བྱས་ཏེ་བོད་ཀྱི་མཐོ་སྒང་ཡར་འཕགས་པ་ཡིན་ཞིང་། མཐོ་སྒང་ནང་གི་གཏེར་དངོས་ཤར་ཕྱོགས་སུ་བཞུར་པ་སི་ཁྲོན་གཤོང་སས་བཀག་སྟེ་བཙིར་གནོན་ས་ཁུལ་ཛ་དྲག་ཆེ་བ་ཞིག་ཏུ་གྲུབ་བས། ནུས་ཤུགས་དུས་ཡུན་རིང་བོར་བསགས་ཏེ་མཐར་ཕྱི་རུ་བཏོན་པ་ན། འཛམ་གླིང་ཡོངས་ལ་འཇིགས་སྔངས་བསྐུལ་བ་སྟེ། 2008ལོའི་ཟླ5བའི་ཚེས12ཉིན་ཁྲི་ཚང་དུ་ས་ཡོམ་ཆེན་པོ་བྱུང་བ་དེས་མཚོན། འདི་ནི་དུས་རབས་ཕྱེད་ཙམ་རིང་ལ་གཏོར་བརླག་ཆེས་ཆེ་བ་དང་། དཔལ་འབྱོར་གྱོང་གུད་ཆེས་ཆེ་བའི་ས་ཡོམ་ཞིག་ཡིན། ས་ངོས་གཏོར་གས་སྤྱི་ལེ300ལྷག་ཡོད་པ་དང་། ཡོམ་དྲག་ཆེ་སའི་གཏོར་ཚད་ཏུའུⅪཡིན།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཤར་ལྷོ་ཁམས་ཀྱི་ཆར་གཏོགས། དེ་ནི་ཡུན་ཀུའེ་མཐོ་སྒང་དང་མདོ་དབུས་མཐོ་སྒང་གི་བར་རྒྱུད། ཡོ་ཡ་གླིང་དང་ཧིན་རྡུ་རྒྱ་མཚོ་ས་གཤིས་དུམ་ལེབ་ཆེན་པོ་གཉིས་གདོང་ཐུག་བྱུང་བའི་བཙིར་གནོན་ས་རྒྱུད་ཡིན། གནས་འདིར་ས་གཤིས་ཀྱི་འགྱུར་བ་དང་ཆགས་གྲུབ་ཀྱི་བྱ་འགུལ་ཛ་དྲག་ཆེ་བས། ས་ཡོམ་ཆེན་པོ་མང་པོ་འབྱུང་སར་གཏོགས་སོ།།
གོང་དུ་ང་ཚོས་མདོ་དབུས་མཐོ་སྒང་གི་འཕེལ་རིམ་དང་ས་གཞིའི་ཆགས་གྲུབ་ས་ཡོམ་ཁྱབ་སྟངས། ས་ཡོམ་དང་ས་ཡོམ་གྱི་གནོད་འཚེ་དག་བཤད་ཟིན། དེ་ལས་ཤེས་ཐུབ་པ་ནི་ས་ཡོམ་ཆེན་པོ་འདི་དག་འགོག་ཁོམ་མེད་པར་གློ་བུར་དུ་འབྱུང་བ་ཡིན་ལ། གཏོར་བརླག་ཆེན་པོ་ཐེབས་པར་བྱེད་ཅིང་། དེས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མིའི་རིགས་ཀྱི་འཚོ་གནས་བདེ་འཇགས། སྤྱི་ཚོགས་བདེ་སྲུང་བཅས་ལ་གནོད་པ་ཆེན་པོ་ཐེབས་ངེས། དེ་ཡང་མདོ་དབུས་མཐོ་སྒང་དུ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་ནའང་། ས་ཤུན་དབྱིབས་འགྱུར་གྱི་ཚབས་ཆེ་ལ་གྲུབ་ཚུལ་རྙོག་འཛིང་ཡིན་པ་དང་། ས་ཡོམ་ཁྱབ་རྒྱ་ཆེ་ཞིང་དྲག་ཚད་ཆེ་བ། བྱུང་ཚད་མང་བ། གནོད་པ་ཚབས་ཆེན་བཅས་ཡིན་པར་མ་ཟད། རང་བྱུང་དཔལ་འབྱོར་ཆ་རྐྱེན་ལ་ཚད་ཡོད་པ་དང་མ་དངུལ་བཏང་བ་མི་འདང་བའི་ཕྱིར། ཡོམ་འགོག་གནོད་སེལ་བྱ་བ་ཅུང་ཞན་པ་དང་ཡོམ་འགོག་གནོད་སེལ་ནུས་པའང་ཤིན་ཏུ་ཞན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།