ཕྱི་རྒྱལ་གྱི་སློབ་ཆུང་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།

རྩོམ་པ་པོ།:གཡག་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-19 14:52:00 ཀློག་གྲངས།:

ཕྱི་རྒྱལ་གྱི་སློབ་ཆུང་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།
             
གཡག་ཚེ་བརྟན།

ཨ་མེ་རི་ཁ། 
         ཨ་རིའི་ས་གནས་སོ་སོར་སློབ་མ་སློབ་གྲྭར་འབྱོར་བའི་དུས་ཚོད་ཐད་གཅིག་གྱུར་གྱི་གཏན་འཁེལ་མེད། སྤྱིར་བཏང་དུ་ན་ཆུང་བྱིས་པ་རྣམས་སློབ་གྲྭར་འགྲོ་འཕྱི་བ་དང་།  གྲ་སྒྲིག་འཛིན་གྲྭའི་སློབ་མ་རྣམས་སློབ་གྲྭར་དུས་ཚོད3ཙམ་ལས་སྡོད་མི་དགོས་པ་དང་། སློབ་ཆུང་གི་སློབ་ཁྲིད་དུས་ཚོད་ཐད་ལ་སློབ་གྲྭ་སོ་སོར་རང་རང་ལ་བཀོད་སྒྲིག་རེ་ཡོད་དེ། སྔ་དྲོའི་དུས་ཚོད8དང་སྐར་མ10 སྟེང་སློབ་གྲྭར་ཐོན་དགོས་པ་དང་སློབ་གྲྭ་ལ་ལར་དུས་ཚོད 9 དང་སྐར་མ 30 སྟེང་ཐོན་ཆོག་པའང་ཡོད། ཕྱི་དྲོའི་དུས་ཚོད 2 དང 30 དང་ཡང་ན་དུས་ཚོད 3 དང་སྐར་མ 30 སྟེང་སློབ་གྲྭ་གྲོལ་བ་རེད།
དབྱིན་ཇི། 
         སློབ་ཆུང་སློབ་མ་རྣམས་སྔ་དྲོའི་དུས་ཚོད་8 དང་སྐར་མ 30ཡས་མས་སུ་སློབ་གྲྭ་ཐོན་དགོས་ལ་ཕྱི་དྲོའི་དུས་ཚོད 3ཡས་མས་སུ་སློབ་གྲྭ་གྲོལ་བ་རེད། ཉིན་རེར་ཐུན་བཞི་ནས་དྲུག་ལས་ཚོགས་མི་དགོས།  གཞུང་གི་ཡིག་ཆར་ཡང་སློབ་མས་སློབ་སྦྱོང་བྱེད་ཡུན་ཉིན་རེར་དུས་ཚོད6ལས་བརྒལ་མི་ཆོག་པར་བཟོས་ཡོད།
ཨུ་རུ་སུ། 
        
སློབ་མ་ཆུང་བ་རྣམས་སྔ་དྲོའི་དུས་ཚོད 8 དང་སྐར་མ 30 སྟེང་སློབ་ཁྲིད་བྱེད་པ་དང་། ཕྱི་དྲོའི་དུས་ཚོད 2 སྟེང་སློབ་གྲྭ་གྲོལ་ཏེ་ཕྱིར་རང་ཁྱིམ་དུ་ལོག་པ་རེད། ཁོ་ཚོར་བསླབས་ཕྱིའི་ལས་བྱ་ཤིན་ཏུ་ཉུང་བས། དུས་ཚོད་མང་ཆེ་བར་ཕྱི་རོལ་དུ་རྩེད་མོ་རྩེ་བ་ཡིན། ལོ་རིམ་དང་པོའི་སློབ་མ་གསར་བར་ཉིན་རེར་སློབ་ཐུན་བཞི་ལས་མེད་པས། ཁོ་ཚོས་སློབ་གྲྭར་འགྲིམ་རྒྱུ་ནི་སྐྱིད་སྣང་ཞིག་ཏུ་བསམ་ཡོད།
ཉི་ཧོང་། 
         སློབ་ཆུང་སློབ་མ་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས་ཚོད 8 དང་སྐར་མ 30 ཡས་མས་སུ་སློབ་གྲྭར་ཐོན་དགོས་པ་དང་། ཉིན་རེར་སློབ་ཐུན་དྲུག་ཙམ་ལས་ཚོགས་མི་དགོས། ཕྱི་དྲོའི་དུས་ཚོད 3 དང་སྐར་མ 45 ཡས་མས་སུ་སློབ་གྲྭ་གྲོལ་བ་ཡིན།
འཇར་མན།
         སློབ་ཆུང་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས་ཚོད 8 ནས་སློབ་ཁྲིད་ཀྱི་མགོ་རྩོམ་པ་དང་། ཉིན་གུང་གི་དུས་ཚོད 12 སྟེང་སློབ་གྲྭ་གྲོལ་བ་རེད། ཡོ་རོབ་གླིང་དུ་དབྱར་ཁའི་དུས་ཚོད་ལག་བསྟར་བྱེད་བཞིན་ཡོད་པས། དོན་དངོས་ཐོག་དབྱར་ཁའི་སྐབས་སུ་ཁོ་ཚོ་སྔ་དྲོའི་དུས་ཚོད 7 སྟེང་སློབ་གྲྭར་འབྱོར་དགོས་པ་རེད།
པཱ་ཀི་སི་ཐན། 
         སློབ་མ་རྣམས་སྔ་དྲོའི་དུས་ཚོད8སྟེང་སློབ་གྲྭར་ཐོན་དགོས་ལ་ཕྱི་དྲོའི་དུས་ཚོད1ཡས་མས་སུ་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པ་རེད།   ལས་བྱ་བཀོད་སྒྲིག་ཧ་ཅང་ཉུང་བས་རང་གི་དགའ་ཕྱོགས་ལྟར་རྩེད་འཇོར་གཡེང་ཆོག   ཁོ་ཚོ་སློབ་གྲྭ་འགྲིམས་རྒྱུར་ཧ་ཅང་དགའ་བོ་ཡོད།  
         རང་རེའི་སློབ་ཆུང་སློབ་མ་རྣམས་ནངས་སྔ་མོའི་དུས་ཚོད་དྲུག་གི་ཡས་མས་སུ་མལ་ལས་ལངས་ཏེ་ཞོགས་རྩལ་རྒྱུགས་དགོས།  དེ་ནས་སློབ་ཁང་ལ་གད་བདར་གང་ལེགས་བྱས་རྗེས་དུས་ཚོད་གཅིག་གི་ཡུན་ལ་ནངས་སྦྱོང་འཚོགས་ནས་དཔེ་ཆ་སྐྱོར་འཛིན་བྱེད་ཀྱིན་ཡོད་པ་རེད།   ནངས་ཇ་འཐུང་རྗེས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སློབ་གྲྭ་ཡོང་དགོས།   དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་སློབ་ཁྲིད་ཀྱི་མགོ་རྩོམ་པ་ཡིན།   བསྟུད་མར་དུས་ཚོད་སྐར་མ་བཞི་བཅུའི་ཡུན་གྱི་སློབ་ཐུན་བཞི་འཚོགས་རྗེས་ད་གཟོད་ཡུལ་ལ་ལོག་ནས་དྲོས་ཇ་འཐུང་བ་ཡིན།   དྲོས་ཇ་འཐུང་ཚར་རྗེས་ལམ་སེང་སློབ་གྲྭ་ཡོང་ནས་ཉིན་དེའི་ལས་བྱ་རྣམས་དུས་ལྟར་དུ་འབྲི་དགོས།   ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་སློབ་ཁྲིད་ཀྱི་མགོ་རྩོམ་པ་ཡིན་ལ་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་སློབ་ཁྲིད་གྲོལ་བ་ཡིན།   དགོང་ཇ་འཐུང་རྗེས་དུས་ཚོད་གཅིག་དང་ཕྱེད་ཀའི་ཡུན་ལ་དགོང་སྦྱོང་འཚོགས་ནས་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་ཡས་མས་སུ་སློབ་གྲྭ་གྲོལ་ནས་ད་གཟོད་ཡུལ་ལ་ལོག་ཆོག་པ་ཡིན།  དེར་མ་ཟད་སློབ་མའི་སྦྱངས་འབྲས་མཐོར་འདེགས་གཏོ་བའི་དགོས་མཁོར་དམིགས་ནས་ཟླ་བ་རེ་ལ་ཚོད་ལྟའི་རྒྱུགས་གཞི་རེ་ལེན་དགོས་པའི་གཏན་འཁེལ་གནང་ཡོད།
ཟུར་བཤད། 
         སློབ་ཆུང་སློབ་མ་ནི་ལོ་ན་དང་སེམས་ཁམས་གང་གི་ཐད་ནས་བཤད་ནའང་ད་སོ་མ་གསར་དུ་འབུས་བཞིན་པའི་སྐབས་ཡིན་པས་རང་བཞིན་གྱིས་སྤྲོ་སྣང་ཆེ་ཞིང་མཚར་སྣང་སྐྱེན་ལ།   རྩེད་འཇོ་ལ་དགའ་བའི་ཁྱད་ཆོས་ལྡན།  དེ་བས་ན་སློབ་ཆུང་གི་དུས་རིམ་ནི་རྩེད་མོའི་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་ཞོར་རྩེད་མོར་གཡེང་བའི་རྣམ་པ་ཞིག་ཡིན་པར་ཨུ་རུ་སིའི་སློབ་གསོ་སྨྲ་བ་པཱ་ཏི་ནས་གསལ་བོར་གསུངས་ཡོད། སེམས་ཁམས་རིག་པའི་ངོས་ཐད་ནས་བཤད་ནའང་སློབ་ཆུང་སློབ་མའི་སེམས་ཁམས་ནི་གསར་སྐྱེས་ཀྱི་ལྗང་མྱུག་བཞིན་ནེམ་ཤ་ལྡན་པས་ན་གནོན་ཤུགས་དཀའ་བ་ཐེག་པའི་ནུས་པ་མེད་པར་བཤད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།