མིག་སྔར་སྤྱི་ཚོགས་ཀྱི་གནས་ཚུལ་དང་འབྲེལ་བའི་བོད་ཀྱི་སློབ་གསོའི་གནད་དོན་འགའ་བརྗོད་པ།

རྩོམ་པ་པོ།:མུ་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-04-24 10:00:06 ཀློག་གྲངས།:9133

གླེང་གཞི།

  དེང་ཡང་ཐོག་མར་སློབ་གྲྭ་གང་དང་གང་ཡིན་ན་ཡང་སློབ་མ་ཡོན་ཚད་ལྡན་པ་མང་བོ་ཞིག་སློབ་གྲྭར་བསྡུ་རྒྱུ་དེ་ནི་དམིགས་ཡུལ་གཙོ་བོ་ཞིག་ཡིན་ལ། སློབ་མ་དེ་དག་སློབ་གྲྭར་ཐོན་ནས་བསམ་བློ་དང༌། ཀུན་སྤྱོད། ཤེས་རིག ཕུགས་བསམ་བཅས་ཕྱོགས་ཡོངས་ནས་ཡོན་ཚད་ཕུན་སུམ་ཚོགས་པ་ཞིག་བྱས་ནས་སྤྱི་ཚོགས་སྟེང་དུ་ལས་དོན་འཚོལ་དགོས་པ་ཞིག་ཡིན་ན་ཡང༌། མིག་སྔར་བོད་ཀྱི་ས་གནས་ཕལ་ཆེར་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གནས་དེ་སློབ་མའི་ལས་ཞུགས་ཀྱི་རྒྱུགས་ལེན་ཁྲོད་དུ་མེད་པ་དང༌། དེ་ལ་མཐོང་ཆེན་དང་དོ་སྣང་བྱེད་མཁན་ནི་དེ་ལས་མེད་པའི་གནས་སུ་གྱུར་ཡོད་པས། མ་འོངས་པ་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ཀྱི་སློབ་གསོ་དེ་ནི་ཤིན་ཏུ་དཀའ་བས་གནས་སུ་འགྱུར་ངེས་པས། བོད་ཀྱི་སྐད་དང་རིག་གནས་སྦྱངས་ན་སྤྱི་ཚོགས་སྟེང་དུ་ལས་གནས་ཙམ་ཡང་ལོན་མི་ཐུབ་པས་ན་བོད་ཀྱི་སྐད་དང་རིག་གནས་སྦྱོང་བའི་སློབ་མ་མེད་པའི་རྒྱུ་མཚན་དུ་ངེས་པའི་གནས་ཚུལ་དང༌། བོད་རང་གི་སྲོལ་རྒྱུན་གྱི་ལས་རིགས་ལག་རྩལ་ཕུན་སུམ་ཚོགས་པ་དུ་མ་ཞིག་ཡོད་པ་དེ་དག་ཡང་དག་པར་རྒྱུད་འཛིན་མ་ཐུབ་པས་ད་ལྟ་རྒྱུན་ཆད་བཞིན་ཡོད་པས་བོད་ཀྱི་ན་གཞོན་ཕོ་མོ་རྣམས་ཀྱི་ལས་གནས་གུ་དོག་ཏུ་འགྱུར་བཞིན་ཡོད་པའི་གནས་ཚུལ་དང༌། བོད་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཆེ་ཁག་རྣམས་ཀྱི་དགེ་རྒན་ཡོན་ཚད་དང་ལྡན་པ་རྣམས་ཀྱི་ཡོན་ཏན་མཉམ་རོལ་དང་སློབ་དེབ་གཅིག་གྱུར་མེད་པས། བོད་ཀྱི་སློབ་གྲྭ་ཆེ་ཁག་ནས་ཐོན་པའི་སློབ་མ་རྣམས་ཀྱི་སྐད་ཆ་གཅིག་གྱུར་དང༌། བསམ་བློ་གཅིག་གྱུར། ལྟ་བ་གཅིག་གྱུར་མེད་པའི་གནས་ཚུལ་དུ་མ་འབྱུང་བཞིན་ཡོད་པས་དེའི་སྐོར་གྱི་གནས་ཚུལ་ཅུང་ཟད་བརྗོད་པར་བྱ་བ་ལ་བཞི་སྟེ།

དང་པོ། གཞུང་ལས་པ་འཚོལ་སྡུད་བྱེད་སྐབས་བོད་མི་རིགས་རང་གི་སྐད་ཡིག་དེ་ཡང་རྒྱུགས་

ལེན་གྱི་ཁྲོད་དུ་འཇོག་དགོས་པ་དེ་གནད་དོན་ཞིག་ཏུ་བརྩི་དགོས།

  དེ་ཡང་མར་ལེའི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏང་གི་མི་རིགས་སྲིད་ཇུས་དང༌། མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་སོགས་གང་ལ་གཞིགས་ན་ཡང་མི་རིགས་རང་གི་ས་གནས་དེ་དག་ཏུ་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བྱེད་ཆོག་པ་དང༌། སྐད་ཡིག་དེ་ལ་བརྟེན་ནས་ཆབ་དཔལ་རིག་གསུམ་སྤེལ་ཆོག་པའི་སྙིང་དོན་དེ་ཉིད་ད་ལྟའི་བར་དུ་ལག་ལེན་ཡང་དག་པ་ཞིག་བྱེད་ཐུབ་མེད་པས་བོད་མི་རིགས་ཀྱི་ན་གཞོན་མང་བོ་ཞིག་ལ་བོད་རང་གི་སྐད་ཡིག་དེ་དག་སྦྱོང་བ་ཙམ་ལས་ལས་བྱེད་འཚོལ་སྡུད་ཀྱི་རྒྱུགས་ལེན་གྱི་ཁྲོད་དུ་བཞག་མེད་པས་བོད་ཀྱི་ན་གཞོན་དུ་མའི་མདུན་ལམ་བཀག་ཡོད་པར་བརྟེན་སླད་མར་ལས་ཞུགས་ཀྱི་རྒྱུགས་ལེན་ཁྲོད་དུ་ཡང་ལས་རིགས་མི་འདྲ་བ་ལ་གཞིགས་ནས་བོད་ཀྱི་སྐད་ཡིག་དེ་རྒྱུགས་ལེན་གྱི་ཁྲོད་དུ་མ་བཞག་ཐབས་མེད་ཡིན་པ། དཔེར་ན། ད་ལོ་དཀར་མཛེས་ཁུལ་གྱིས་བོད་སྨན་གྱི་ལས་རིགས་འཚོལ་སྡུད་བྱེད་སྐབས་རྒྱུགས་ཚན་གསུམ་པོ་བོད་རང་གི་སྐད་ཡིག་གི་སྟེང་ནས་རྒྱུགས་ལེན་བྱེད་པ་ལྟ་བུས་མཚོན་བོད་རང་གི་རིག་གནས་དང་འབྲེལ་བའི་སྐད་ཡིག་དེ་ཉིད་ལས་རིགས་པ་འཚོལ་སྡུད་བྱ་རྒྱུའི་རྒྱུགས་ལེན་གྱི་ཁྲོད་དུ་བཞག་ན་བོད་མི་རིགས་ཀྱི་ན་གཞོན་རྣམས་ཀྱི་མདུན་ལམ་ཡངས་པོར་འགྱུར་བ་དང༌། རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་ལ་ཞབས་ཕྱི་ཡང་དག་པར་བསྒྲུབ་ཐུབ་པ་སོགས་དགོས་པ་དུ་མ་དང་ལྡན་པས་དེའི་ཕྱོགས་ལ་སློབ་གྲྭ་ཆེ་ཁག་རྣམས་ཀྱིས་འབད་འབུངས་ལྷོད་མེད་བྱེད་དགོས་པ་ཡིན་ནོ།།

གཉིས་པ། བོད་རང་གི་སྲོལ་རྒྱུན་ལག་རྩལ་ཁྱབ་སྤེལ་མཛད་ནས་བོད་ཀྱི་ན་

གཞོན་རྣམས་ལ་ལས་གནས་དུ་མ་སྤེལ་རྒྱུ།

  སྤྱིར་མི་རིགས་གང་དང་གང་ཡིན་ན་ཡང་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་མཛད་རྒྱུ་དང༌། མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཀྱི་ཉིང་བཅུད་དང་ལེན་བྱས་ཏེ་དེ་མི་རིགས་རང་གི་རིག་གནས་ཕུན་སུམ་ཚོགས་པ་མཛད་དགོས་པ་དེ་ནི་སྤྱི་འགྲོས་ཤིག་ཡིན་པ་ནི་སྨྲོས་མ་དགོས་པ་ཡིན་ལ། དེ་ལས་དེང་དུས་རྒྱལ་ཁབ་ཕྱི་ནང་ཐམས་ཅད་དུ་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་ལས་རིག་ལག་རྩལ་ཁྱབ་སྤེལ་མཛད་དེ། སློབ་མ་དུ་མའི་ལས་ཞུགས་ཀྱི་གནད་དོན་ཐག་ཆོད་བྱེད་བཞིན་ཡོད་པ་ནང་བཞིན། བོད་མི་རིགས་རང་ཉིད་ལ་ཡང་ལས་རིགས་ལག་རྩལ་ཁྱད་ཆོས་དང་ལྡན་པ་དུ་མ་ཡོད་དེ། དཔེར་ན། བོད་ཀྱི་གསོ་བ་རིག་པ་དང༌། བཟོ་རིག་པའི་ལྷ་བཟོ་དང༌། རི་མོ། མགར། ཤིང་བཟོ། བརྐོས། ཁང་བ་བཟོ་སྐྲུན་སོགས་ཀྱི་ལག་རྩལ་གྱི་འཛིན་གྲྭ་སློབ་གྲྭའི་ནང་དུ་བཙུགས་ནས་རིག་གནས་དེ་དག་དར་སྤེལ་བྱས་ན། བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་དང༌། སློབ་མ་དེ་དག་སྤྱི་ཚོགས་སྟེང་དུ་སོང་ན་ཡང་རྒྱལ་ཁབ་ཀྱི་ལས་དོན་དུ་ཞུགས་མ་ཐུབ་ན་ཡང་རང་ཉིད་ཀྱི་ལས་གནས་ལོན་ཐུབ་པས་གནད་དོན་དུ་མ་ཐག་ཆོད་བྱེད་ཐུབ་པས། མིག་སྔར་ཞིང་ཆེན་བོད་ཡིག་སློབ་གྲྭས་ཀྱང་གནས་ཚུལ་དེ་དག་ལ་གཞིགས་ཏེ་ད་ལོ་ནས་བཟུང་མགར་བའི་ལག་རྩལ་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།