འབྲོག་པའི་བྱིས་པ་སློབ་གྲྭར་མི་བསྐྱལ་བའི་གནད་འགག

རྩོམ་པ་པོ།:བློ་གྲོས་དཔལ་ལྡན། ཡོང་ཁུངས།:བོད་ཀྱི་སློབ་འབྲིང་མེ་ཏོག་གངས་ལྷའི་དྲ་ཚིགས། དུས་ཚོད།:2009-04-20 10:49:49 ཀློག་གྲངས།:

    གཅིག  འབྲོག་པས་བྱིས་པ་སློབ་གྲྭར་བསྐྱལ་འདོད་མེད་པའི་རྒྱུ་མཚན།

    ད་ལྟ་སློབ་གྲྭ་ནས་མཐར་ཕྱིན་སློབ་མར་བྱ་བ་བགོ་བ་འགན་དུ་མི་ལེན་པའི་སྲིད་ཇུས་རིམ་བཞིན་ཁྱབ་སྤེལ་བྱས་ཤིང་ སློབ་ཡོན་ཇེ་མང་དུ་བཏང་བ་དང༌། ཞིབ་འཇུག་སློབ་མ་བསྡུ་རྒྱུ་ལ་ཚོད་འཛིན། གཞན་པའི་རྩིས་འཁོར་འཛིན་གྲྭ་དང་དབྱིན་ཡིག་འཛིན་གྲྭ་ལྟ་བུའི་དངོས་ཡོད་སྤྱི་ཚོགས་ལ་ཕན་ཁེ་ཆེ་ཞིང་བྱ་བར་ལས་བགོ་བྱེད་ཐུབ་པའི་ཆེད་ལས་འཛིན་གྲྭ་མང་ཆེ་བའི་སློབ་མ་ནི་ལས་བྱེད་མགོ་ཁྲིད་པའི་བྱིས་པ་དང་ལྟག་སྒོ་ཡོད་པའི་བྱིས་པ་མ་གཏོགས་འབྲོག་པའི་བྱིས་པ་སློབ་གྲྭར་བསྡུས་པ་ཉུང་བའམ་ཐ་ན་མེད་པ་བཅས་ཀྱི་གནས་ཚུལ་མཆིས་པ་དང༌། ད་དུང་ཞིང་ཆེན་རིམ་པའི་དངོས་གཞི་སློབ་མ་དང་ཆེད་ལས་སློབ་མ་མཐར་ཕྱིན་ཡོད་ཚད་དགེ་རྒན་གྱི་ལས་གནས་ཁོ་ནར་འཚང་ཁ་རྒྱག་པ་ལས་གཞན་པའི་ཁྲིམས་འཛིན་དང་ཞིབ་དཔྱོད། སྤྱི་བདེ་དང་ཉེན་རྟོག ནོར་སྲིད་དང་དངུལ་ཁང༌། འགྲིམ་འགྲུལ་དང་གློག་འཕྲིན།  ཁྲལ་དོན་དང་བཟོ་ཚོང༌།  ད་དུང་རྩོམ་སྒྲིག་པ་དང་གསར་འགོད་པ་ལ་སོགས་བགྲང་ལས་འདས་པའི་ལས་གནས་སུ་ལས་བགོ་བྱས་ཡོད་པ་ཉུང་ཉུང་ཙམ་རེད།

    དེང་སྐབས་དངོས་ཡོད་སྤྱི་ཚོགས་སྟེང་ལྟག་སྒོ་ཤུགས་ཆེ་སྟེ། དངོས་ཡོད་སྦྱི་ཚོགས་སྟེང་སློབ་གྲྭ་ཆེན་མོ་ན་སློབ་གཉེར་བྱེད་བཞིན་པ་ཚང་མ་ལས་བྱེད་མགོ་ཁྲིད་པ་དང་ལས་བྱེད་པ། སྦྱིན་བདག་ཕྱུག་པོ་ཚོའི་བྱིས་པ་ཡིན་པ་ལས་འབྲོག་པ་སྤྱིར་བཏང་བའི་བུ་ཕྲུག་མང་པོ་མེད་པ་ཐག་ཆོད་ཡིན། འབྲོག་པའི་བྱིས་པ་ལ་ལ་འབྱོར་བ་ཞན་པས་སློབ་གྲྭ་འགྲིམ་མི་ཐུབ་པ་དང༌།  ལ་ལ་ནི་ལྟག་སྒོ་མེད་པས་འགྲིམ་ཡུལ་མི་རྙེད་པ་སོགས་ཀྱི་གནས་ཚུལ་སྣ་ཚོགས་ཡོད། ཞིབ་མོར་བསམ་ན་དངོས་གནས་ཁག་མི་འདུག་པར་སྙམ། དཔེར་ན། རིག་སློབ་ཅུའུ་ཞིག་ཏུ་སློབ་གྲྭ་བཟང་གྲས་ཤིགགི་སློབ་མ་བསྡུ་བའི་བརྡ་འཕྲིན་འབྱོར་ཚེ། དེ་གའི་ལས་བྱེད་པའི་ཐོག་མར་དྲན་ཡུལ་དུ་འཁོར་བ་ནི་རང་གི་ཉེ་འབྲེལ་དང་གྲོགས་པོ། དཔོན་པོ་སོགས་ཀྱི་བྱིས་པ་རྣམས་འགྲོ་ཐབས་ལས་འབྲོག་པའི་བྱིས་པར་སུ་ཞིག་གིས་ཐུགས་འདང་རྒྱག་སྲིད། ད་བར་གྱི་ལས་གནས་བཟང་གྲས་སུ་བྱ་བ་གཉེར་བཞིན་པ་དང་སློབ་གྲྭ་ཆེན་མོ་འགྲིམ་བཞིན་པའི་ནང་འབྲོག་པའི་བྱིས་པ་ཅི་ཙམ་ཡོད་དམ། འདིས་ཡོད་ཚད་བདེན་དཔང་བྱས་ཡོད་པ་རེད།

    གཉིས།  འབྲོག་པ་མང་ཚོགས་ཀྱི་སེམས་རྒྱ་ཆུང་བ།

    རིག་གནས་སློབ་པར་ངོས་ཟིན་དམའ་བའི་འབྲོག་པ་མང་ཚོགས་ཀྱི་སྣང་ངོར། རིག་གནས་སྦྱང་བ་དང་ཡོན་ཏན་ཅན་ནི་བྱ་བ་སྒྲུབ་ཐབས་ཙམ་དང་ཟླ་ཕོགས་ལེན་ཐབས་ཙམ་ལས་དགོས་མཁོ་ཅི་ཡང་མེད་པའི་འདུ་ཤེས་ཡོད། རང་གི་བྱིས་པ་སློབ་གྲྭར་བསྐྱལ་ནས་རྗེས་སུ་ཡོན་ཏན་ཅན་གྱི་ལས་བྱེད་པར་འགྱུར་རྒྱུ་ལྟ་ཞོག་ཕྱིར་རང་ཡུལ་དུ་ལོག་སྐབས་རྒྱ་གྲོང་ནང་གི་སྤྱོད་ངན་མཐའ་དག་གོམས་ནས་འབྲོག་ལས་བྱེད་མི་ཤེས་ཤིང༌། བོད་ནང་དུ་ཡོང་ན་རྒྱ་འདྲ་བ་དང་རྒྱ་ནང་དུ་སོང་ན་བོད་འདྲ་བའི་མི་གྲལ་དུ་མི་ཐོན་པའི་བསམ་བློ་ཞིག་སྐྱེས་ཏེ་ས་ཆ་སོ་སོའི་སློབ་གྲྭ་འབྲིང་ཆུང་དུ་སློབ་མ་ཞུགས་ཚད་མངོན་སུམ་གྱིས་ཇེ་དམའ་རུ་འགྲོ་བའི་གནད་དོན་བྱུང་ཡོད། ལྷག་པར་དུ་རང་མི་རིགས་ཀྱི་སྐད་དང་ཡི་གེ་ནི་རིག་གནས་སློབ་གསོ་ཀུན་གྱི་གཞི་རྩ་ཡིན་པ་དང༌།  རིག་གནས་ཚན་རིག་ཤེས་ཐབས་དང༌།  བེད་སྤྱོད་ཐབས་ཀྱི་ལག་ཆ།    སྤྱི་ཚོགས་ཀྱི་འཚོ་བར་བྱ་བ་དོན་དག་གང་བསྒྲུབས་ཀྱང་ཁ་མིག་ལག་པ་བཞིན་དུ་མེད་དུ་མི་རུང་བའི་ལག་ཆ་གཅིག་པུ་ཡིན་པ་ཤེས་ཀྱི་མེད།

གསུམ། སློབ་ཆུང་དགེ་རྒན་ཚད་ལྡན་མིན་པ།

    སྤྱིར་སློབ་ཆུང་གི་དགེ་རྒན་ཞིག་ལ་མཚོན་ན་ལྟན་སྐྱེས་ཀྱི་ཤེས་ཡོན་ཅི་འདྲ་ཞིག་ཡོད་རུང་ཐོག་མར་སློབ་མ་ཞིག་ལ་རིག་གནས་ཀྱི་བག་ཆགས་ཟབ་མོ་འཇོག་པ་པོ་ཡིན་ཕྱིར། སློབ་གསོ་དང་དཔེ་ཁྲིད་ལེགས་པོ་ཞིག་བྱེད་རྒྱུ་ནི་གཙོ་གནད་ཡིན་ལ་སློབ་མ་བདག་གཉེར་གྱི་སྐོར་དེ་ནི་འབྲོག་པ་ཚོ་དབྱར་དགུན་སྟོན་དཔྱིད་ཀུན་རྩྭ་ཆུའི་རྗེས་སུ་བསྙེགས་ནས་རུ་བ་སྤོ་དགོས་པས། རྫོང་དང་གྲོང་བརྡལ་ལ་རྒྱང་ཐག་མི་རིང་ཀ་མེད་རེད། རྒྱུ་མཚན་དེའི་དབང་གིས་འགྲིམ་འགྲུལ་སྟབས་མི་བདེ་སའི་ཁྱིམ་བདག་དང་ཟླ་བ་འགའ་ལ་ཐུག་མི་ཐུབ་པའི་གནས་ཚུལ་འོག་ཡུལ་དེའི་དགེ་རྒན་ལ་སློབ་མ་བདག་གཉེར་གྱི་འོས་འགན་རང་ཤུགས་ཀྱིས་ཇེ་ལྕི་རུ་སོང་སྟེ་ཕ་མ་བུ་ཕྲུག་ལྟ་བུའི་འགན་དབང་ཞིག་ངང་གིས་གྲུབ་ཡོད། དེ་ལྟར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག ཐ་ན་མི་སྒེར་ལ་སོགས་པ་གོང་དུ་འཕེལ་ནས་ཇེ་བཟང་ཇེ་ལེགས་སུ་འགྲོ་དགོས་ན་ཡང་དག་པའི་སློབ་གསོ་ཞིག་མ་བརྒྱུད་པ་མི་སྲིད་པས། སློབ་གསོ་དང་བྲལ་བའི་འཕེལ་རྒྱས་ཡོད་པར་འདོད་པ་ནི་ཉིན་མོའི་རྨི་ལམ་དང་དམུས་ལོང་གར་གྱི་རྗེས་སུ་འགྲོ་བ་ཁོ་ནར་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།