སློབ་མའི་འཚོ་བའི་ཁོར་ཡུག་དང་ཁྲིད་གཞིའི་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:ཤ་བོ་སྙིང་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-03-19 10:24:42 ཀློག་གྲངས།:

  སློབ་མའི་འཚོ་བའི་ཁོར་ཡུག་གི་ཕྱི་རོལ་གྱི་འཚོ་བའི་ཁོར་ཡུག་དང་དེའི་གྲུབ་བྱེད་ཀྱི་གཞུང་ལུགས་འདིས་འོས་འགན་སློབ་གསོའི་ཁྲིད་གཞི་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ཞིག་གཏད་ཡོད།  བོད་ཀྱི་སློབ་མའི་འཚོ་བའི་ཁོར་ཡུག་གི་ཕྱི་རོལ་ཞེས་པ་འདིར་སློབ་གྲྭའི་སློབ་གསོའི་རྐྱེན་སྣ་ཚོགས་ཡོད་པ་མ་ཟད།  རང་མི་རིགས་ཀྱི་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་གི་ཡུན་དུ་བསྐྲུན་པའི་དངོས་པོ་དང་བསམ་པའི་ཐད་ཀྱི་རིག་གནས་མང་པོའི་ཆའང་འདུས།  ཁྲིད་གཞི་ལ་མངོན་སུམ་ཁྲིད་གཞི་དང་ལྐོག་གྱུར་ཁྲིད་གཞི་གཉིས་སུ་དབྱེ།  དེ་གཉིས་ཀྱི་དམིགས་ཡུལ་ནི་མི་སྣ་གསོ་སྐྱོང་ཡིན་ལ།  རིག་གནས་ཀྱི་འབྲས་བུ་ལེགས་པོ་གདམ་པ་དང་སློབ་སྦྱོང་གི་བྱ་བ་བསྒྲུབ་ཐབས་དང་རིམ་གྱིས་གྲུབ།  ཁྲིད་གཞི་ཐོག་མ་ནི་རྩོལ་བྱུང་གི་སློབ་མའི་ཁོར་ཡུག་ཐ་དད་པའི་ཆ་དེ་ཡིན་དགོས་ལ།  སློབ་མའི་འཚོ་བའི་ཁོར་ཡུག་གི་ཡུལ་ཐ་དད་པ་དང་དེའི་གྲུབ་ཆ་གཞན་དག་ནི་རང་བྱུང་ལྷུན་གྱིས་གྲུབ་པའམ།  ཡང་ན་རྩོལ་བྱུང་གི་ནུས་པས་གྲུབ་ཚུལ་དུ་སྣང་།  ཆེས་ཕྲ་བའི་བསམ་པའི་རྩོལ་བ་ལས་བྱུང་བའི་ཁྲིད་གཞི་དེའི་དོན་དངོས་ཕན་འབྲས་ཐད་ནས་བཤད་ན།  དེ་འདྲའི་ཁྲིད་གཞིར་གྲུབ་འབྲས་བཟང་བོ་ཞིག་ཐོབ་མེད་པ་རེད།  འདི་ལ་ཆ་རྐྱེན་གཉིས་འདུས་ཏེ།  གཅིག་ནི་ཁྲིད་གཞི་དང་ཡུལ་ཐ་དད་པའི་ཆ་དེ་ཡིན་ལ།  གཉིས་ནི་ཁྲིད་གཞི་དང་སློབ་མའི་འཚོ་བའི་ཁོར་ཡུག་བར་གྱི་གཞི་མཐུན་དེ་རེད།  ཁྲིད་གཞི་དང་ཡུལ་ཐ་དད་པའི་ཆ་གཞན་དག་དང་སློབ་མ་བཅས་གསུམ་བར་གྱི་ཕན་ཚུན་འབྲེལ་བ་ནི་ཕན་ཚུན་རྒྱུ་འབྲས་སུ་སོང་བའི་འབྲེསལ་བ་ཞིག་ཡིན།  སློབ་མའི་འཚོ་བའི་ཁོར་ཡུག་གི་ཡུལ་ཐ་དད་པའི་ཆ་དེས་ཐད་ཀར་ཁྲིད་གཞིའི་ཕན་འབྲས་ལ་ཚོད་འཛིན་བྱེད།  ནམ་རྒྱུན་གྱི་འཚོ་བའི་འཚོ་ཐབས་རིག་གནས་དང་།  རིག་གནས་རིན་ཐང་གི་མ་ལག་ཏུ་གྲུབ་པའི་ཆོས་ལུགས་ཐ་དད་པ་དང་།  རང་མཚན་པའི་སྲོག་གི་ཚེ་ཐག་ནས་མི་རིགས་ལོ་རྒྱུས་འཕེལ་རིམ་བར་གྱི་གནས་ཚུལ་འདི་ཐམས་ཅད་ཀྱིས་བོད་ཀྱི་སློབ་མའི་སེམས་ཁམས་ཁོར་ཡུག་ལ་རྒྱ་ཆེ་ཞིང་ཡུན་བརྟན་པའི་འཚོ་གནས་སྤྲད།  ཕྱི་རྐྱེན་འདི་དག་གིས་བོད་མིའི་སྤྱོད་པ།  གོམས་སྲོལ།  བཟའ་ལུགས་བཏུང་སྲོལ།  སྒྱུར་རྩལ།  ཆོས་ལུགས།  རྩོམ་རིག  མཛེས་ཆོས་རིག་པ།  གཏམ་རྒྱུད།  ལྷ་སྒྲུང་།  རིན་ཐང་འཛིན་ཕྱོགས་ཀྱི་རིག་གནས་ནང་དོན་མཚོན་ལ།  ནང་དོན་འདི་དག་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ།  ཡུལ་ཐ་དད་ལྐོག་གྱུར་བའི་སྣང་ཚུལ་འདི།  ཆེས་གཟབ་ནན་རྩོལ་བ་ལས་གྲུབ་པ་མིན་ཀྱང་།  དེའི་ནུས་པ་སློབ་གྲྭ་དང་དགེ་རྒན།  ཁྲིད་གཞི་བཅས་ཀྱི་ཕྱོགས་ལ་ཤིན་ཏུ་གལ་ཆེ།  སློབ་མའི་འཚོ་བའི་ཁོར་ཡུག་ཏུ་གྱུར་བའི་ཡུལ་ཐ་དད་པ་སྟེ་རིག་གནས་དེ་སློབ་མའི་སྤྱི་ཚོགས་ཁོར་ཡུག་ཀུན་ལ་ཁྱབ་པས།  རང་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་སློབ་མར་གཏིང་ཟབ་ཀྱི་དོན་སྙིང་ཡོད་པ་དང་།  དོན་སྙིང་དེ་རྒྱུན་ཆད་མེད་པར་མུ་མཐུད་དུ་སློབ་མའི་འཚོ་བའི་ཁོར་ཡུག་ལ་འཐིམ་བཞིན་མཆིས།  དེའི་ཕྱིར།  མི་རིགས་སོ་སོའི་བྱིས་པ་འཚར་ལོངས་བྱུང་ནས་རང་མི་རིགས་ཀྱི་རིག་གནས་པ་ཞིག་ཏུ་འགྱུར་ངེས་ལ།  ཁྲིད་གཞིའི་ཕན་འབྲས་དེ་ཐད་ཀར་སློབ་མར་རག་ལས་ཡོད།  སློབ་མས་ཁྲིད་གཞིའི་དོན་སྙིང་འཇོག་བྱེད་ཀྱི་ཚད་དེ་ནི་ཁོ་རང་གི་རིག་གནས་རྒྱབ་ལྗོངས་ལ་གཏད་ཡོད་པ་རེད།

  ཁྲིད་གཞིའི་མི་སྣ་གསོ་སྐྱོང་གི་དམིགས་ཡུལ་ནི།  སློབ་མའི་མི་ཆོས་དང་བློ་གྲོས།  ལུས་རྩལ།  ངལ་རྩོལ་སོགས་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་སྟེ།  སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དམངས་ཀྱི་ཚད་དུ་བསླེབ་དགོས་མོད།  འོན་ཀྱང་།  དམིགས་ཡུལ་འདིའི་ལྟག་རྒྱབ་ན་སློབ་མར་ཡར་སྐུལ་བྱེད་པའི་ལྐོག་གྱུར་དམིགས་ཡུལ་ཞིག་ཡོད།  ལྐོག་གྱུར་དམིགས་ཡུལ་དེ་བརྗོད་ཐབས་བྲལ་བ་ཞིག་ཡིན་ཀྱང་།  སུ་སྣང་བ་ཞིག་ཀྱང་རེད།  ཁྲིད་གཞིའི་དམིགས་ཡུལ་དགེ་མཚན་ལྡན་པ་ཞིག་ཏུ་ཡོང་ཆེད།  ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར།  སློབ་མའི་ཆུ་ཚད་གོང་དུ་འཕེལ་བ་གཞིར་བཟུང་ནས།  དེའི་རིག་གནས་ཀྱི་རྩ་བའི་ཁྱད་ཆོས་ལ་བསྟུན་པའི་བརྟག་དཔྱད་བཏང་སྟེ།  དམིགས་གཏད་ཡོད་པའི་འཆར་གཞི་བྱེ་བྲག་པ་དངོས་གཏན་ལ་ཕབ་དགོས།

མཚོ་སྔོན་བོད་ཡིག་གསར་འགྱུར་ལས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།