༄༅།།བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》ལ་བལྟས་རྗེས་ཀྱི་མྱོང་ཚོར།

རྩོམ་པ་པོ།:རིན་ཆེན་མཚོ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-13 11:49:54 ཀློག་གྲངས།:
༄༅།།བརྙན་འཕྲིན་ཟློས་གར《ནར་སོན་གྱི་ལོ་ཟླ》ལ་བལྟས་རྗེས་ཀྱི་མྱོང་ཚོར།
རིན་ཆེན་མཚོ། 
རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགུ་བརྒྱད་འཛིན་གྲྭ
 
ད་ཐེངས་གཟའ་འཁོར་འདིའི་ནང་དུ་ངས《ནར་སོན་གྱི་ལོ་ཟླ》ཞེས་པའི་བརྙན་འཕྲིན་ཟློས་གར་ཞིག་ལ་བལྟས་པ་དང་། དེ་བས་ང་ལ་བློ་བསྐྱེད་ཆེན་པོ་ཐོབ།
བརྙན་འཕྲིན་ཟློས་གར་འདིའི་ནང་གི་མི་སྣ་གཙོ་བོ་ནི་སློབ་གྲོགས་ཆུང་ཆུང་ཟླ་བ་ཡིན་པ་དང་། ཁོ་ནི་སྤྱོད་པ་གཙང་ཞིང་སློབ་སྦྱོང་ལ་བརྩོན་པ། ཕ་མའི་བཀའ་དྲིན་ཤེས་པའི་ཁྱིམ་མཚེས་ཀྱི་བསྟོད་ཡུལ་དང་དགེ་རྒན་གྱི་བསྔགས་ཡུལ་གྱི་བྱིས་པ་ཡ་རབས་ཤིག་ཡིན། འོན་ཀྱང་ཅུང་མ་འགོར་བར་ཟླ་བའི་ཨ་མ་མི་འདོད་ནད་ཀྱིས་མནར་ཏེ་ཚེ་ལས་འདས་ཤིང་། ཨ་ཕས་ཡང་ཆུང་མ་གཞན་ཞིག་བཙལ་བ་དང་ནམ་ཡང་ཆང་འཐུང་ཤོ་རྩེད་ལ་རོལ་ནས་ཁ་ཡ་མི་བྱེད་པ། མ་ཡར་གྱིས་ཤ་མི་ཚ་བའི་གནས་ཚུལ་འོག ཁོས་སློབ་སྦྱོང་ལ་མི་འབད་པར་སློབ་བྱོལ་བྱས། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལྟར་ན། སློབ་ལོ་མ་ལོན་པའི་བྱིས་པ་གཅིག་ཀྱང་སློབ་བྱོལ་བྱས་མི་ཆོག་པ་དང་། གོང་རིམ་སྲིད་འཛིན་དང་སློབ་གསོ་སྡེ་ཁག དྲིན་ཆེན་དགེ་རྒན་བཅས་ཀྱིས་སློབ་གསོ་དང་སྐུལ་འདེད་འོག  ཁོས་སླར་ཡང་ཡོད་དགུ་རྩལ་སྤྲུགས་ཀྱིས་སློབ་སྦྱོང་ལ་འབད་པས། རྗེས་ཕྱོགས་ཀྱི་མི་ཚེ་ལ་འོད་སྣང་བསྐྲུན།
དེ་ལས་ང་ལ་བློ་བསྐྱེད་ཅི་འདྲ་ཞིག་ཐོབ་ཅེ་ན། ན་ཆུང་ཚོར་ནར་སོན་གྱི་གོ་རིམ་ཁྲོད་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་ཐེབས་སླ་བས། བྱིས་པ་དེ་ཡ་རབས་སྤྱོད་བཟང་ཞིག་ཏུ་འགྱུར་མིན་ནི་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ལྷག་ཏུ་ཁྱིམ་ཚང་སློབ་གསོ་ལ་འབྲེལ་བ་དམ་ཟབ་ཡོད་པས། ཁྱིམ་བདག་ཚོས་རང་ཉིད་མི་བུ་ཚུལ་ལྡན་ཞིག་བྱས་ཏེ་བྱིས་པར་མིག་དཔེ་སྟོན་པ་དང་ཆབས་ཅིག་རང་གི་བྱིས་པའི་རིག་གནས་ཤེས་བྱ་སློབ་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་རྒྱུ་གལ་ཆེ། འབྲོག་ཁུག་ལྟ་བུར་མཚོན་ན་སྣང་ཚུལ་འདི་ལྟ་བུའི་རང་ཉིད་ཀྱི་བྱིས་པའི་སློབ་སྦྱོང་ལ་འགན་མི་ཁུར་བའམ་སློབ་བྱོལ་བྱེད་པ་ཤིན་ཏུ་མང་བས། བརྙན་འཕྲིན་ཟློས་གར་འདི་ལྟ་བུར་མང་དུ་གཟིགས་ནས་ཉིང་བཅུད་བླངས་ཏེ་རྨོངས་གཉིད་ལས་སད་ན་འོས་སྙམ།
《ནར་སོན་གྱི་ལོ་ཟླ》ཞེས་པའི་བརྙན་འཕྲིན་ཟློས་གར་འདི་ལས།  ད་གཟོད་ངས་སློབ་བུ་ཞིག་ལ་མཚོན་ན། ཁྱིམ་ཚང་གི་སློབ་གསོ་ནི་ཧ་ཅང་དགོས་གལ་ཆེ་བ་རྟོགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།