ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:htgb ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-01-05 09:22:16 ཀློག་གྲངས།:

  ཁྲི་ཀ་རྫོང་ནི་རྨ་ཀླུང་རིང་མོའི་སྟོད་རྒྱུད་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས་སུ་ཆགས་ཡོད་པ་དང༌།  ཤར་དུ་གཅན་ཚ་དང་ཧྭ་ལུང་རྫོང་ལ་འབྲེལ་ཞིང༌། ལྷོ་རུ་རྩེ་ཁོག་དང་ཐུན་རིན་རྫོང༌། ནུབ་ཏུ་ལུང་གཡང་འགག་དང༌།   གུང་ཧོ། ཀོས་ནན་རྫོང་དང་འབྲེལ། བྱང་དུ་ཧོང་ཀྲུང་དང་ཧོང་ཡོན་རྫོང་དང་ཉེ་བར་འབྲེལ་བས་འདི་ནས་གནའ་མཁར་ཟི་ལིང་བར་དུ་སྤྱི་ལེ༡༠༩ལས་མེད།  རྫོང་ཁོངས་སུ་ཞང་གསུམ་དང་གྲོང་བརྡལ་བཞི།  སྡེ་དམངས་ཨུ་ཡོན་ལྷན་ཁང༡༡༥ཡོད་པ་དང༌། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ༣༧༠༠དང་ཁྱོན་བསྡོམས་མི་གྲངས་ཁྲི༡༠ཡོད།  རྒྱ་རིགས་དང་བོད་རིགས། ཧོས་རིགས།  ཧོར་རིགས་སོགས་མི་རིགས་༡༥མཉམ་དུ་འཚོ། རྫོང་མཁར་ཆགས་སའི་གནས་དེ་རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་རྨིད༢༢༠༠ཡིན་པ་དང༌། ཡུལ་གྲུ་འདིར་ལོ་ལེགས་འབྱུང་རྟེན་གྱི་ཞིང་ས་གཤིན་པོས་གང་སར་ཁྱབ་ཅིང༌།  བསིལ་དྲོད་སྙོམས་ལ་ཡུལ་ལྗོངས་ཀྱི་རྣམ་པ་མཛེས།  ཤིང་ཏོག་གི་བསུང་ཞིམ་བར་མེད་ལྡང་བས།  མཚོ་སྔོན་གྱི་ཅང་ནན་ཆུང་བཞེས་དང་མཐོ་སྒང་གི་སིལ་ལྗོངས།  ཟི་ལིང་གི་སྐྱེད་ཚལ་ཕྱི་མ སོགས་ཀྱི་མཚན་སྙན་ལྡན།  ཁྲི་ཀའི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་སྟབས་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་བ།  རང་བྱུང་དང་རིག་གནས་ལོ་རྒྱུས་ཡུན་རིང་ལྡན་པར་བརྟེན།  རིག་གནས་རྫོང་ཆེནཞེས་པའི་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་བཀོད།

  ཁྲི་ཀའི་མི་རིགས་སློབ་གསོའི་ཆེས་མཐོ་རིམ་པའི་མཚོན་བྱེད་དུ་གྱུར་བའི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་ནི་བོད་རིགས་གཙོ་བོ་ཡིན་ཞིང་སློབ་ཡུན་ལོ་དྲུག་བོད་རྒྱ་དབྱིན་གསུམསྟེ་སྐད་གསུམསློབ་ཁྲིད་བྱེད་པའི་བཅའ་སྡོད་ལམ་ལུགས་ཀྱི་ཆ་ཚང་མི་རིགས་སློབ་འབྲིང་ཞིག་ཡིན། སློབ་འབྲིང་འདི་ཧོ་ཏུང་ཞང་པའོ་ཉིན་སྡེ་བར་ཆགས་ཤིང་མཚོ་སྔོན་ལྷོ་ཁུལ་གྱི་འབྲོག་ཁུལ་དུ་ཁ་ཕྱོགས་པ་དང་སློབ་མ་བསྡུ་ཡུལ་རྫོང་ཡོངས་ཀྱི་ཤང་གྲོང་བརྒྱད་ལ་ཁྱབ་ཡོད། ༡༩༧༥ལོར་སློབ་གྲྭ་འཛུགས་པའི་གྲ་སྒྲིག་གི་བྱ་བ་སྒྲུབ་ཅིང་༡༩༧༦ལོར་སློབ་གྲྭ་དངོས་སུ་བཙུགས། ད་ལྟ་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ༤༡གམ་རྨིད་གྲུ་བཞི་མ༢༧༣༣༠དང་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༩༩༦༨ཡོད།   དེ་ལས་སློབ་ཁྲིད་བཀོལ་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ༤༩༤༥དང༌།  གཞུང་སྒྲུབ་བཀོལ་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ༣༡༠དང༌།   སློབ་མའི་གཟིམ་ཁང་རྨིད་གྲུ་བཞི་མ༣༤༡༠དང༌། རམ་འདེགས་བཀོལ་ཁང་རྨིད་གྲུ་བཞི་མ༦༥༠།   སློབ་མའི་གསོལ་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ༦༥༣ཡིན།   ད་ལྟ་སློབ་གྲྭར་འཛིན་གྲྭ༢༢དང་སློབ་མ༡༡༡༨ཡོད།   དེ་ལས་དམའ་འབྲིང་ལ་སློབ་མ༥༩༥ དང་མཐོ་འབྲིང་གི་སློབ་མ༥༢༣ཡོད།  བོད་རིགས་སློབ་མས༩༨%ཟིན། སློབ་གྲྭ་བཙུགས་ཚུན་ནས་སློབ་གྲྭས་སྔ་གཞུག་ཏུ་དམའ་འབྲིང་མཐར་ཕྱིན་སློབ་མ༤༡༨༢བསྐྱེད་བསྲིང་བྱས་པ་ལས་སློབ་མ༣༡༨༣མཐོ་འབྲིང་དུ་འཕར་བ་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་ཚུད།  མཐོ་འབྲིང་མཐར་ཕྱིན་སློབ་མ༡༠༤༠བསྐྱེད་བསྲིང་བྱས་པ་ལས་སློབ་མ༨༡༩ཀྱིས་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད། ངེད་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོད་དུ་རབ་འབྱམས་པའི་མཚན་སྙན་ཐོབ་པའི་སློབ་མ༤༦དང་འབུམ་རམས་པའི་མཚན་སྙན་ཐོབ་པའི་སློབ་མ༤བྱུང་བས་ཕ་ཡུལ་གྱི་མི་རིགས་དཔལ་འབྱོར་དང་རིག་གནས་གོང་དུ་སྤེལ་ཕྱིར་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་བསྲིང་བྱས་པའོ།།   ངེད་སློབ་གྲྭ་ནི་ཁྲི་ཀའི་མི་རིགས་རྨང་གཞིའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་བསྡུས་གཟུགས་ཤིག་ཡིན་ལ་མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འབྱུང་གནས་དང༌།    མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ བལྟ་བྱའི་སྒེའུ་ཁུང་ལྟ་བུ་ཡང་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།