མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་བཤད་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ཟླ་བ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-26 09:40:00 ཀློག་གྲངས།:


མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་བཤད་འགྲན་བསྡུར་སྤེལ་བ།

     དེ་ཡང་ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས"དཔེ་འདི་སྟེགས་ལ་མ་འཇོག་རུམ་དུ་ལོངས། ། ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློགས། ། ཀློག་དོན་སེམས་ནས་མ་བརྗེད་ལག་ཏུ་ལོངས། ། དེ་ལས་ཡ་རབས་འདི་ཕྱིའི་བདེ་སྐྱིད་འབྱུང་། །"ཞེས་གསུངས་པ་བཞིན་དུ་དཔེ་ཀློག་གིས་མི་བུ་ཞིག་གི་འཚོ་བར་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་པར་མ་ཟད། མི་ཚེའི་ཁ་ཕྱོགས་ཀྱི་གདམ་ཀར་ལམ་སྟོན་དང་སྤོབས་པ་སྦྱིན་པར་བྱེད་པའི་དགོས་འབྱུང་གི་ནོར་བུ་ལྟ་བུ་ཡིན་པས། ཤེས་བྱ་རིག་པའི་གནས་ལ་སྐོམ་པས་འཇུག་བཞིན་པའི་སློབ་གྲྭའི་སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་སློབ་སྦྱོང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། རང་གི་མི་ཚེ་གོལ་ལམ་དུ་མ་སོང་བར་འབྱུང་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱ་ཐུབ་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭའི་སློབ་གསོའི་འོས་འགན་དང་ལམ་ཕྱོགས་གཙོ་བོ་ཡིན།


མདོ་འཛིན་སློབ་བུ།

     དེ་བས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་འཚོ་བར་སྤྲོ་སྣང་ལྡན་པ་དང་། དཔེ་ཀློག་གི་ནུས་པ་སྐྱེད་སྲིང་དང་། བསླབ་ཕྱིའི་དཔེ་ཀློག་གི་འཇོན་ནུས་སྔོག་འདོན་བྱེད་པ། སྒོས་སུ་འཛམ་གླིང་དཔེ་ཀློག་ཉིན་མོར་རྗེས་དྲན་བྱ་བའི་སླད་དུ། སྤྱི་ཟླ4བའི་ཚེས23ཉིན་གྱི་ཕྱི་དྲོར། སློབ་གྲྭའི་འགོ་ཁྲིད་དག་གི་བླ་མེད་ཀྱི་མཛུབ་ཁྲིད་འོག  "སློབ་རའི་ཀློག་པ་པོ་ཆུང་ཆུང"རྟགས་མའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྐབས་བཞི་བའི་བྱ་འགུལ་དེ་སློབ་གྲྭའི་ལུས་རྩལ་ར་བར་གཟབ་རྒྱས་ངང་སྤེལ།


འགྲན་བསྡུར་ཡུལ་དངོས།

     ཐེངས་འདིའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་གྱི་བྱ་འགུལ་གྱི་གོ་རིམ་ནི། ཐོག་མར་མཐོ་གཅིག་མཐོ་གཉིས་ཀྱི་འཛིན་གྲྭ་རེ་ལས་སློབ་གྲོགས་ཚོའི་དུས་རྒྱུན་གྱི་དཔེ་ཀློག་གི་གནས་ཚུལ་རྒྱུས་ལོན་དང་། དཔེ་ཀློག་ཟིན་བྲིས་དང་དཔེ་ཀློག་མྱོང་ཚོར་ཞིབ་གཤེར་བྱས་པ་བརྒྱུད་ནས་དེ་ལས་ཅུང་ལེགས་ཤོས་ཀྱི་སློབ་བུ40ལྷག་ཐོག་མའི་འགྲན་བསྡུར་ལ་ཞུགས། ཐོག་མའི་འགྲན་རྩོད་དེ་སྤྱི་ཟླ4བའི་ཚེས10ཉིན་གྱི་དགོང་དྲོར་སློབ་ཁྲིད་ཐོག་ཁང་གི་ཚོགས་འདུ་ཁང་དུ་བསྡུས་ཤིང་དཔྱད་འདེམ་དགེ་རྒན་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམ་བྱས་པ་བརྒྱུད་ལྟ་རྒྱ་དང་ཐོས་རྒྱ་ཡངས་ཤིང་དཔེ་ཀློག་གི་མྱོང་ཚོར་ཟབ་པ། གཏམ་བཤད་ཀྱི་སྨྲ་ལྕེ་རྒོད་པའི་སློབ་བུ12རྟིང་རྩོད་འགྲན་བསྡུར་ལ་ཚུད། རྟིང་རྩོད་འགྲན་བསྡུར་དེ་ཏག་ཏག་འཛམ་གླིང་དཔེ་ཀློག་ཉིན་མོ་འདིར་སྤེལ་བ་ཡིན་ལ། སློབ་གྲྭའི་དཔེ་ཀློག་ཚོགས་པའི་ཚོགས་གཙོ་སློབ་གྲོགས་ཟོན་ཐར་མགོན་གྱི་ཤིས་ཚིག་དང་སྦྲགས་ནས་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་དང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས《རྗེ་བཙུན་མི་ལ་རས་པའི་རྣམ་མགུར》དང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》《གླིང་གེ་སར་རྒྱལ་པོའི་སྒྲུང》《དེབ་ཐེར་དཀར་པོ》སོགས་བསམ་བློའི་བློ་སྦྱོང་དང་རྩོམ་རིག་བརྩམས་ཆོས། རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ནས་བོད་དང་རྒྱལ་ཁབ་ཕྱི་ནང་གི་མཁས་ཆེན་དམ་པ་མང་བོའི་གསུང་གི་བདུད་རྩིའི་རོ་ལ་ཞིབ་ཅིང་ཕྲ་བར་རོལ་མྱོང་བྱས་ནས་དེ་ལས་ཐོབ་པའི་བློ་སྐྱེད་དང་འབྲེལ་ནས་སློབ་གྲྭའི་སློབ་སྦྱོང་གི་འཚོ་བར་སྤྱི་སྡོམ་དང་། དུས་རབས་གསར་བའི་བོད་ཀྱི་མཐོ་འབྲིང་སློབ་མའི་འགན་འཁྲི་ཞིབ་བརྗོད། དཔེ་ཀློག་གི་དགེ་མཚན་སྒྲོག་འགྲེལ། སློབ་གྲོགས་རྣམས་དཔེ་ཀློག་ལ་འཇུག་པར་སྐུལ་མ་བཅས་སྨྲ་ལྕེ་རྒོད་པའི་ལམ་ནས་ལྷུག་པོར་བརྗོད་པས་སློབ་གླིང་འདིའི་དགེ་སློབ་ཡོངས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་བཀུགས།


འགྲན་བསྡུར་ཡུལ་དངོས།

     ཐེངས་འདིའི་དཔེ་ཀློག་བྱ་འགུལ་འདི་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་བརྟན་པར་གྱུར་བ་མ་ཟད། དཔེ་ཀློག་གི་ལས་ལ་འཇུག་ཚུལ་ལ་ངེས་ཤེས་ཟབ་མོ་འདྲོངས་ནས་སང་ཉིན་ནས་བཟུང་དཔེ་ཀློག་ལ་འཇུག་པའི་སློབ་བུ་རྣལ་མ་ཞིག་བཅའ་རྒྱུའི་བསམ་བློ་རང་དབང་མེད་པར་རྒྱུད་ལ་སྐྱེས་སུ་བཅུག འདི་ནི་སློབ་གཉེར་གྱི་མདུན་ལམ་ཡང་དག་འཚོལ་བའི་རང་རེའི་སློབ་གྲྭའི་སློབ་མ་རྣམས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་སློབ་གྲྭའི་ཡང་དག་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ལ་གཡུར་ཟའི་འབྲས་བཟང་ཐོབ་པའི་མཚོན་རྟགས་ཤིག་ཡིན་པ་གདོན་མི་ཟ།


བྱ་དགའ་ཐོབ་པའི་སློབ་བུ།

     མཇུག་མཐར། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པ་དགེ་རྒན་དར་འབུམ་རྒྱལ་གྱིས་འགྲན་བསྡུར་གྱི་གནས་ཚུལ་སྤྱི་སྡོམ་དང་འབྲེལ་ནས་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་དུས་རབས་འདིར་སློབ་གྲོགས་ཚོར་ཤེས་མེད་ཚོར་མེད་ཀྱིས་མི་སྡོད་པར་དཔེ་ཀློག་ལ་བརྩོན་དགོས་པ་དང་། མཐོ་འབྲིང་སློབ་མས་དཔེ་ཆ་གང་ཞིག་བཀླག་དགོས་པ་དང་ཇི་ལྟར་བཀླག་དགོས་པ། དཔེ་ཀློག་གི་གལ་ཆེན་རང་བཞིན་བཅས་ཀྱི་ཐད་ཞིབ་བརྗོད་བྱས་ཏེ་དྭངས་གཙང་གི་མ་ཡུམ་སློབ་གླིང་འདི་ནས་མ་འོངས་འབྱུང་འགྱུར་གྱི་རྨི་ལམ་འཚོལ་དགོས་པའི་སྐོར་གྱི་བསླབ་བྱ་རིན་ཐང་བྲལ་བ་གནང་སྟེ་འགྲན་བསྡུར་མཇུག་བསྡུས་པའོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།