2015ལོའི་ཟླ11པའི་ཚེས24ཉིན། སློབ་རའི་རིག་གནས་འཚོ་བའི་ནང་དོན་ཕུན་སུ་ཇེ་ཚོགས་དང་སློབ་ཕྲུག་ཚོའི་རྩོམ་འབྲིའི་རྨང་གཞི་ཇེ་བརྟན། རྩོམ་འབྲིའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ་བཅས་སུ་དམིགས་ནས། མང་རྫོང་མི་རིགས་སློབ་འབྲིང་གི་དམའ་གཅིག་ལོ་རིམ་སྡེ་ཁག་གིས༼སློབ་རའི་རྩོམ་པ་པོ་ཆུང་ཆུང༽ཞེས་པའི་འགྲན་བསྡུར་ཐེངས་ཤིག་སྤེལ་བ་རེད།
ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་གྱི་ཁ་བྱང་ལ《བདག་དང་བདག་གི་བོད་ཡིག་དགེ་རྒན》ཟེར་ཞིང་། རེ་བ་ནི། 1. རང་ཉིད་ལ་སློབ་ཁྲིད་བྱས་མྱོང་བའི་བོད་ཡིག་དགེ་རྒན་ཞིག་ཞིབ་འབྲི་བྱེད་དགོས་པ་སྟེ། དགེ་རྒན་དེའི་ལུས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ནས་ཕྱིའི་རྣམ་པ་དང་ནང་གི་གཤིས་ཀ་ཞིབ་འབྲི་བྱས་པ་བརྒྱུད་ནས། དགེ་རྒན་དང་སློབ་མའི་བར་དུ་བྱུང་བའི་དོན་དག་ཅིག་གིས་དགེ་སློབ་ཀྱི་འབྲེལ་བ་མཚོན་པའི་སྐད་ཆ་དང་བྱ་སྤྱོད། སེམས་ཁམས་ཞིབ་འབྲི་བྱེད་དགོས། 2.རྩོམ་ལུས་ཚིག་ལྷུག་ཡིན་དགོས་པ་དང་རྩོམ་སྟངས་ཇི་བཞིན་བརྗོད་པ་ཡིན་དགོས། 3.ངེས་པར་དུ་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྒྱུ་རྐྱེན་དྲུག་པོ་ཚང་དགོས་པ་དང་། མི་སྣ་ཞིབ་འབྲིའི་འབྲི་ཐབས་བཞི་བོའང་བཀོལ་དགོས། 4.ཡིག་འབྲུ་ཚེག་བར་ལྔ་བརྒྱའི་ཡན་ལོངས་དགོས་པ་བཅས་སོ། །

འགྲན་བསྡུར་གྱི་ཡུལ་དངོས།
སྤྱིར་ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་བརྗོད་བྱ་མི་དང་བྱ་བ་ལ་སོགས་པ་རྣམས་གནས་དུས་རང་བཞིན་ཡུལ་ལ་ཇི་ལྟ་ཇི་ལྟར་ཡོད་པ་དེ་ལྟ་དེ་ལྟར་ཚུལ་བཞིན་རྩོམ་ཡིག་ཏུ་འགོད་པར་བྱེད་པའི་རྩོམ་ཐབས་ཞིག་ལ་ཟེར་བ་ཡིན་ཏེ། སྤྱིར་བཏང་དུ་དུས་ཚོད་དང་མི་སྣ། ས་གནས། བྱ་བའི་འབྱུང་རྐྱེན་དང་བརྒྱུད་རིམ། མཇུག་འབྲས་བཅས་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་རྒྱུུ་རྐྱེན་དྲུག་ཡིན་ལ། ཞིབ་འབྲི་བྱ་ཡུལ་གྱི་དབང་དུ་བྱས་ན། མི་སྣ་ཞིབ་འབྲི་དང་ཁོར་ཡུག་ཞིབ་འབྲི། ཡུལ་ལྗོངས་ཞིབ་འབྲི། བྱ་བའི་དོན་དག་ཞིབ་འབྲི་བཅས་རིགས་བཞི་རུ་སྡུད་ཆོག དེ་བཞིན་དུ་མི་སྣ་ཞིབ་འབྲི་ལའང་མི་སྣའི་ཕྱིའི་རྣམ་པ་དང་སྐད་ཆ། བྱ་སྤྱོད། སེམས་ཁམས་ཞིབ་འབྲི་བྱེད་པ་ལ་སོགས་པའི་འབྲི་ཐབས་ཡོད་པ་རེད།

འགྲན་ཞུགས་སློབ་མའི་རྩོམ་ཡིག
ཐེངས་འདིའི་འགྲན་བསྡུར་ལ་འཛིན་གྲྭ་བཅུ་ཡི་སློབ་ཕྲུག་སུམ་ཅུ་ལྷག་ཞུགས་པ་ དང་། བྱ་དགའི་རྣམ་གྲངས་ལ་ཨང་དང་པོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཞི་བཅས་སློབ་ཕྲུག་བཅུ་ལ་གཟེངས་རྟགས་ཕུལ་བ་རེད།

བྱ་དགའ་ཐོབ་པའི་སློབ་མའི་ཚོགས།
འགྲན་བསྡུར་འདི་འདྲ་ཞིག་སྤེལ་བའི་དགོས་པ་ནི། གཅིག་ནས་སློབ་རའི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྩོམ་ཡིག་འབྲི་རྒྱུ་དེའང་འཚོ་བ་དང་སློབ་སྦྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བསྒྱུར་རྒྱུ་དང་། གཉིས་ནས་སློབ་ཕྲུག་ཚོ་ཆུང་དུས་ནས་རྩོམ་འབྲིའི་དགའ་ཕྱོགས་སྐྱེད་སྲིང་དང་རྩོམ་འབྲིའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་པ། གསུམ་ནས་སློབ་ཕྲུག་ཚོར་རྩོམ་འབྲིའི་རྨང་གཞི་བརྟན་པོ་ཞིག་ཆགས་པ་དང་འབྲི་རྩོམ་རྒྱུན་འཁྱོངས་ཀྱི་རྟིང་སྐུལ་བཅས་སུ་དམིགས་པ་ཡིན་དེ། སྤྱིར་རྩོམ་ཡིག་འབྲི་བ་དེ་ནི་ མ་འོངས་པ་ན་སློབ་ཕྲུག་ཚོ་རེ་རེ་བཞིན་རྩོམ་པ་པོ་གྲགས་ཅན་རེ་རེར་སྐྱེད་སྲིང་བྱེད་པའི་ཆེད་དུ་མ་ཡིན་མོད། རྩོམ་འབྲིའི་གོམས་གཤིས་ལེགས་པོ་ཞིག་ཆགས་པའི་རྗེས་སུ། མ་འོངས་པ་ན་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད་ཨང་།