མགོ་ལོག་དམངས་སྒྲུབ་སློབ་གསོའི་ལོ་ཚོགས་ཐེངས་བཞི་བ་བསྡུས་པ།

རྩོམ་པ་པོ།:བ་རོད་ཐུབ་བསྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-20 09:42:00 ཀློག་གྲངས།:

མགོ་ལོག་དམངས་སྒྲུབ་སློབ་གསོའི་ལོ་ཚོགས་ཐེངས་བཞི་བ་བསྡུས་པ།
མགོ་ལོག་དམངས་སྒྲུབ་སློབ་གསོའི་ལོ་ཚོགས་ཐེངས་བཞི་བ་བསྡུས་པ།

      སྤྱི་ཟླ10བའི་ཚེས17ཉིན། སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ཀྱིས་ཕྱག་འཛུགས་གནང་བའི་མགོ་ལོག་དམངས་སྒྲུབ་སློབ་གསོའི་ལོ་ཚོགས་སྐབས་དང་པོའི་ཐེངས་བཞི་པའི་བཞུགས་མོལ་ཚོགས་འདུ་དེ་མདོ་ཁམས་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་བསྡུས།
     དེར་མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་ཀྱི་འགོ་གཙོ་དབང་པོ་དང་། མགོ་ལོག་ཁུལ་དམངས་ཆེན་གྱི་འགོ་གཙོ་གཞོན་པ་ལྡོང་ནོར་སྡེ། ཁུལ་དགེ་ཐོན་སློབ་གྲྭའི་སློབ་གཙོ་འུར་ཁོ། རྟ་བོར་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐར་མ། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྤྱི་འཇིགས་མེད་རྒྱལ་མཚན་དང་། སྐུ་མཁར་སེང་འབྲུག་སྟག་རྩེའི་ཀུན་ཕན་བརྩེ་སྐྱོང་སློབ་གླིང་གི་སློབ་སྤྱི་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན། གངས་ལྗོངས་བཅུ་ཕྲག་རིག་མཛོད་སློབ་གླིང་གི་རྒན་སྨིན་ཕུར་དང་། གཉན་པོ་གཡུ་རྩེའི་སློབ་གྲྭའི་རྒན་ཐུབ་ཤེར། གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་གི་སློབ་སྤྱི་མགོན་པོ། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཉི་མ། པདྨ་བོད་ཡིག་བྱམས་སྐྱོང་སློབ་གླིང་གི་རྒན་དཀོན་མཆོག ཨ་མྱེ་རྨ་ཆེན་གངས་ལྗོངས་རིག་མཛོད་གླིང་གི་སློབ་སྤྱི་སྤྲུལ་ཚེ་རིང་ལྷ་རྒྱལ། བྱམས་བརྩེ་གཡུ་ཐོག་འགྲོ་ཕན་གསོ་རིག་སློབ་གླིང་གི་སློབ་སྤྱི་སྤྲུལ་ཀུན་དགའ་བསྟན་པའི་རྒྱལ་མཚན། གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་བྱེད་པོ་རྒན་ཡི་དམ་ཚེ་རིང་སོགས་ཚོགས་འདུར་ཕེབས།
     སློབ་སྤྱི་རྣམས་ཀྱིས་སློབ་གྲྭ་སོ་སོའི་གསར་འཛུགས་ཀྱི་གོ་རིམ་ནས་བཟུང་སྟེ་མཚམས་སྦྱོར་རགས་བསྡུས་དང་། དེ་ནས་རྒྱལ་ཁབ་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་ཇི་ལྟར་འཛིན་སྐྱོང་དགོས་པའི་སྐོར་དང་། དམངས་སྒྲུབ་སློབ་གསོའི་འཕེལ་རྒྱས་དང་མ་འོངས་མདུན་ལམ་ཐད་ཀྱི་གྲོས་མོལ། སྐབས་བབས་དམངས་སྒྲུབ་སློབ་གསོའི་དཀའ་ངལ་གནད་དོན་དང་དགེ་རྒན་གྱི་དཔུང་སྡེ་བསྐྱེད་བསྲིང་བྱ་བའི་སྐོར། དམངས་སྒྲུབ་སློབ་གྲྭའི་སྲོལ་རྒྱུན་རིག་གནས་ཇི་ལྟར་འཛིན་སྐྱོང་དགོས་ཚུལ།
     གཞན་དམངས་སྒྲུབ་སློབ་གསོ་ཚོགས་འདུའི་དགོས་པ་དང་མཐུན་སྒྲིལ་སྐོར་སོགས་དུས་ཚོད་བདུན་གྱི་རིང་ལ་གྲོས་མོལ་གནང་མཐར་གླིང་དེ་གའི་སློབ་སྤྱི་ཚུལ་ཁྲིམས་དར་རྒྱས་ཀྱིས་ཉིན་དེའི་ཚོགས་འདུར་སྤྱི་བསྡོམས་མཛད།
     དགོང་མོར་སློབ་གླིང་དེའི་རིག་རྩལ་ཚོགས་པས་བསྒྲུབས་པའི་མགོ་ལོག་སློབ་གསོའི་ལོ་ཚོགས་སྐབས་དང་པོའི་ཐེངས་བཞི་པར་ཕུལ་བའི་རིག་རྩལ་སྤྲོ་ཚོགས་ཁ་བའི་རང་མདངས་ཞེས་པ་འཁྲབ་སྟོན་བྱས།
     ཕྱི་ཉིན་ཏེ་སྤྱི་ཟླ10བའི་ཚེས18ཉིན་གྱི་སྔ་དྲོར། འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཐུན་མིན་བོད་ཀྱི་སློབ་གསོའི་རྣམ་གཞག་ལས་འཕྲོས་ཏེ་དེང་དུས་ཀྱི་སློབ་གསོའི་དཀའ་གནད་སྐོར་གྱི་བསེད་འགྲོལ་དང་། དེ་གའི་སློབ་མ་རྣམས་ཀྱི་སློབ་གསོའི་དྲི་བ་འགར་ཡང་དྲིས་ལན་གནང་། མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་མིའི་སྤུས་ཚད་ཀྱི་སྐོར་དོན་ཚན་ཁག་བཅོ་ལྔའི་སྒོ་ནས་གསུང་བཤད་གནང་བ་དང་། རྒན་ལྡོང་ནོར་སྡེ་ལགས་ཀྱིས་གཅེས་པ་བརྒྱད་ཅེས་པའི་ཁ་བྱང་ལས་འཕྲོས་ཏེ་གསུང་གླེང་གནང་མཐར། སློབ་སྤྱི་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ཀྱིས་ཐེངས་འདིའི་གྲོས་ཆོད་སྐོར་ཁྱབ་བསྒྲགས་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།