ཕུལ་བྱུང་དགེ་རྒན་གྱི་ཉམས་མྱོང་ཉི་ཤུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-23 09:35:00 ཀློག་གྲངས།:8537
དང་པོ། སློབ་ཁྲིད་གྲ་སྒྲིག་གི་ཉམས་མྱོང་།
༡ སློབ་ཁྲིད་བཟང་པོ་ཞིག་བྱེད་པར་ཕྱོགས་གསུམ་ནས་གྲ་སྒྲིག་བྱེད་དགོས་ཤིང་། དེ་དག་གི་ཁྲོད་ནས་གང་ཞིག་ནི་སློབ་མའི་དངོས་ཡོད་ཆུ་ཚད་དང་འཚམ་པ་དང་ཁྲིད་ཐབས་གང་ཞིག་སྤྱད་ན་བཟང་བར་བསམ་བློ་གཏོང་དགོས། སྤྱིར་བཏང་སློབ་ཁྲིད་ཁྲོད་ནས་བརྒྱ་ཆའི་བདུན་ཅུ་ཡས་མས་སློབ་དེབ་དང་བསྟུན་ནས་སློབ་ཁྲིད་བྱེད་དགོས་པ་དང་། བརྒྱ་ཆའི་སུམ་ཅུ་ཡས་མས་དགེ་རྒན་གྱི་སློབ་ཁྲིད་ཐབས་རྩལ་དང་ཞིབ་འཇུག སྐབས་ཐོག་ནུས་པ་ལ་བརྟེན་དགོས་པ་རེད།
༢ དབྱར་དགུན་གྱི་གུང་གསེང་སྐབས་སུ་སློབ་སྐབས་གསར་བའི་སློབ་དེབ་ཀྱི་སློབ་ཁྲིད་འཆར་འགོད་ཡོངས་སུ་འབྲི་ཚར་བར་བྱེད་པ་དང་། སློབ་དེབ་དང་བསྟུན་ནས་རྒྱུགས་གཞི་སྣ་ཚོགས་ཀྱང་སྔོན་ལ་བཟོ་དགོས། རང་ཉིད་ལ་སློབ་ཁྲིད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་པ་དང་གྲ་སྒྲིག་བཟང་པོ་ཞིག་བྱས་རྗེས་སློབ་ཁྲིད་འཚོག་དགོས། ཆེས་བཟང་པོའི་སློབ་ཁྲིད་བྱེད་ཐབས་ནི་སྤྱི་ནས་བྱེ་བྲག་གི་རིམ་པ་དང་། བྱེ་བྲག་ནས་སྤྱིའི་སྟེང་ལ་འབེབ་པས་སློབ་ཁྲིད་བྱེད་པ་དེ་ཡིན།
༣ སློབ་ཁྲིད་གྲ་སྒྲིག་གི་སྐབས་སུ་སློབ་དེབ་ཀྱི་ཤེས་བྱའི་ཕྱོགས་ཡོངས་ཁོང་དུ་ཆུད་དགོས་པ་དང་། སློབ་མའི་རིག་གནས་ཆུ་ཚད་དང་དགོས་མཁོ་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། ཕྱོགས་ཡོངས་ཀྱི་འབྲེལ་ཡོད་ཡིག་ཆ་འཚོལ་བསྡུ་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་ཚད་ལྡན་ཡོང་བར་བྱེད་དགོས། སློབ་ཁྲིད་ཀྱི་ཁྲོད་དུ་སློབ་མས་རྒྱུས་ལོན་ཤེས་རྟོགས་ཐུབ་པའི་རིགས་བཤད་པ་ལས་ཧ་ཅང་གཏིང་ཟབ་པའི་རིགས་མི་བཤད། གོ་དཀའ་བའི་གཏམ་བཤད་ཀྱིས་སློབ་མའི་སློབ་སྦྱོང་ལ་ཕན་ཐོགས་ཅི་ཡང་མེད་དོ།།
གཉིས་པ། སློབ་ཁྲིད་ཀྱི་ཉམས་མྱོང་།
༤ སློབ་ཁྲིད་ཀྱི་མགོ་ཇི་ལྟར་རྩོམ་པ་དང་མཇུག་ཇི་ལྟར་བསྡུ་བ་ནི་དགེ་རྒན་གྱིས་ནན་ཏན་ངང་བསམ་བློ་གཏོང་དགོས་པ་ཞིག་ཡིན། སློབ་ཁྲིད་ཀྱི་མགོར་དགའ་སྣང་དང་སྤྲོ་སྣང་འདྲེན་ཐུབ་པ་དང་མཇུག་བསྡུ་དུས་སེམས་ཁེངས་ཡོང་བ་ཞིག་དགོས། མགོ་རྩོམ་པ་དང་མཇུག་བསྡུ་དུས་གནད་ལ་འཁེལ་ཞིང་ནང་དོན་སྙིང་བསྡུས་ཐུབ་པ་དང་། མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཤེས་བྱའི་ཁྱབ་ཁོངས་ཚང་མར་འདྲེན་ནུས་པ་དགོས། སྒོ་སམ་ངོས་སུ་བྲིས་གཟུགས་ཡག་པོ་དང་ནང་དོན་གལ་ཆེན་རིགས་འབྲི་བ་དང་། དེ་བཞིན་བརྙན་མང་སློབ་ཁྲིད་སོགས་གང་ཡིན་ཡང་ཁ་གསལ་ཡིན་པ་དང་། གཙོ་གནད་འབུར་དུ་ཐོན་དགོས། དུས་ལྟར་སློབ་ཁྲིད་གྲོལ་བ་ལས་ནར་འགྱངས་མི་བྱེད།
༥ སློབ་ཁྲིད་ཀྱི་སྐབས་སུ་སློབ་མ་རེ་རེ་ལ་སེམས་ཁུར་བྱེད་དགོས་པ་དང་། ནུས་རྩལ་གང་ཡོད་ཀྱིས་སློབ་མ་མང་ཆེ་བས་གོ་ཐུབ་པའི་ངང་སློབ་ཁྲིད་བྱེད། སློབ་མར་རང་རྟོགས་ཀྱིས་བསམ་གཞིགས་དང་དབྱེ་ཞིབ་བྱེད་དུ་འཇུག་པ་དང་། བགྲོ་གླེང་དང་དབྱེ་ཞིབ་ཀྱི་སྐབས་སུ་སློབ་སྦྱོང་བཟང་པོའི་སློབ་མ་དང་ཞན་པའི་སློབ་མར་ཁྱད་པར་མངོན་གསལ་དོད་པོ་ཡོད་པས་དགེ་རྒན་གྱིས་འགལ་བ་དེ་ཐག་གཅོད་ལེགས་པོ་བྱེད་ཤེས་དགོས། སློབ་སྦྱོང་བཟང་པོའི་སློབ་མར་དཀའ་བའི་སྣང་བ་སྟེར་བ་དང་། ཞན་པའི་སློབ་མར་ཡར་ཐོན་ཡོད་པའི་སྣང་བ་སྟེར་དགོས། དེས་ན་ཇི་ལྟར་སྒྲུབ་དགོས་པར་བསམ་བློ་གཏོང་རིན་ཡོད་དོ།།
༦ གནད་ལ་འཁེལ་ཞིང་བསམ་གཞིགས་ཀྱི་བར་སྟོང་ངེས་ཅན་ཡོད་པའི་དྲི་བ་དྲིས་ནས་སློབ་མའི་རང་འགུལ་བསམ་གཞིགས་དང་བསམ་པའི་བློ་སྒོ་འབྱེད་ཐབས་བྱེད་དགོས། སློབ་ཐུན་གཅིག་གི་ཁྲོད་དུ་དགོད་སྒྲ་ཡོད་ལ་གཟབ་ནན་ཡིན་པ། ཞི་འཇམ་ཡིན་ལ་སྐད་སྒྲ་ཡོད་པ། དྲི་བ་ཡོད་ལ་དྲིས་ལན་ཡོད་པ་སོགས་བཀོད་སྒྲིག་ཞིབ་ཚགས་དང་མྱུར་ཚད་རན་པ། སློབ་མའི་སེམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པའི་སློབ་ཐུན་ཞིག་འཚོག་པར་བརྩོན་དགོས།
༧ སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་ཆེས་གལ་ཆེ་བ་ནི་ཟུང་འབྲེལ་དང་བརྗེ་རེས་ཡིན་པས། སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་གནས་ཚུལ་ལ་བལྟས་ནས་སློབ་མ་རང་ཉིད་ཀྱིས་འགུལ་བསྐྱོད་དང་བསམ་གཞིགས། འགྲེལ་བཤད་རྒྱག་ཏུ་འཇུག་པ་དང་། སློབ་མའི་ཉན་བཤད་འབྲི་ཀློག་དང་དཔྱད་བརྗོད་ནུས་པ་གསོ་སྐྱོང་བྱེད་དགོས།
༨ སློབ་ཁྲིད་གྲོལ་རྗེས་ཉིན་རེའི་སློབ་ཁྲིད་ཁྲོད་ཀྱི་མི་འདང་ས་དང་ནུས་པ་ལྡན་པའི་ཐབས་རྩལ་རྣམས་ཟིན་བྲིས་སུ་བཀོད་ནས་སློབ་ཁྲིད་ཉིན་ཐོ་འབྲི་དགོས། དེ་དང་བསྟུན་ནས་ཉམས་མྱོང་ཕྱོགས་སྡོམ་དང་རང་རྟོགས་ཀྱིས་ནོར་འཁྲུལ་བསྒྱུར་བཀོད་བཏང་ནས་རང་ཉིད་ཀྱི་སློབ་ཁྲིད་ཐབས་རྩལ་སྐས་ཐེམ་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས།
གསུམ་པ། རྒྱུགས་ལེན་གྱི་ཉམས་མྱོང་།
༩ ཐབས་བརྒྱ་ཇུས་སྟོང་གིས་སློབ་སྦྱོང་ལ་ཞན་པའི་སློབ་མར་རྒྱུགས་འབྲས་བཟང་པོ་ཞིག་ལེན་དུ་འཇུག་དགོས་ཤིང་། སློབ་མ་རེ་རེར་སེམས་ཤུགས་མ་ཆག་པར་རེ་བས་ཁེངས་པའི་སེམས་ཁམས་སྟེར་དགོས་པ་དང་། སློབ་མའི་སློབ་སྦྱོང་གི་བརྩོན་སེམས་རྒྱས་པར་བྱེད། སློབ་དེབ་ཀྱི་སྒྲིག་གཞིའི་དབང་གིས་སློབ་མའི་སློབ་སྦྱོང་བྱེད་ཐབས་ཀྱང་རྒྱུན་འཁྱོངས་དང་སྡུག་རུས། རང་འགུལ་དང་རང་བསམ། མཉམ་འབྲེལ་དང་ལག་ལེན་ལ་བསྟེན་པ་གལ་ཆེ།
༡༠ བློ་གྲོས་དང་ལག་ལེན། འཇོན་ཐང་། སྒྱུ་རྩལ། འབྲེལ་འདྲིས་སོགས་ཁྱད་ཆོས་སྣ་མང་གི་ཕྱོགས་ནས་སློབ་མར་རྒྱུགས་ལེན་པ་དང་། སློབ་མ་རེ་རེར་རང་ཉིད་ཀྱི་མི་ཚེའི་ནང་ཨང་དང་པོ་དང་གཉིས་པ། གསུམ་པ་གང་རུང་བླངས་མྱོང་བ་དང་། ཁྱེད་ཀྱི་སློབ་ཁྲིད་ཁྲོད་དུ་སློབ་མར་མཛེས་སྡུག་གི་ཕྱིར་དྲན་ཞིག་འཇོག་དགོས།
༡༡ རྒྱུགས་འབྲས་བཟང་པའི་སློབ་མར་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁོ་ཚོའི་སློབ་སྦྱོང་ཇེ་སྡུག་ལ་འགྲོ་བའི་གནོན་ཤུགས་སྤྲད་ནས་སློབ་སྦྱོང་ལ་རེ་བ་ནན་མོ་འཛིན་དགོས། རང་རློམ་དང་ང་རྒྱལ་གྱི་སེམས་ཤུགས་ཉམས་ཆག་བཏང་ནས་སྦྱངས་བརྩོན་ལྷོད་པ་མེད་པར་གཏོང་། ཡིན་ཡང་ཁོ་ཚོའི་རང་བཀུར་དང་རང་གཅེས་ལ་གནོད་འཚེ་མི་ཐེབས་པར་བྱེད།
༡༢ རྒྱུགས་སྤྲོད་ཐེངས་རེ་རེའི་རྗེས་སུ་ཡང་དག་པའི་དྲིས་ལན་དང་ནོར་བཅོས་དུས་ལྟར་སློབ་མ་རེ་རེར་བཤད་དགོས་པ་དང་། སློབ་མར་ཆར་བ་ཆུ་གྲོགས་ལྟར་ནོར་བ་དག་བཅོས་དང་། ཡང་དག་པའི་ཤེས་བྱ་རྒྱུན་ཆགས། རྨང་གཞི་སྲ་བརྟན་དུ་བཏང་ནས་སློབ་སྦྱོང་ལ་ཕན་ཐོགས་ཡོང་བར་བྱེད་དགོས། དེ་བཞིན་ཉིན་རེའི་ལས་བྱའི་སྟེང་གི་ཡང་དག་པ་དང་ནོར་འཁྲུལ་ནི་སློབ་སྦྱོང་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།
བཞི་བ། དྲི་བ་འདྲི་བའི་ཉམས་མྱོང་།
༡༣ སློབ་ཞིབ་ཀྱི་རྩ་བའི་དོན་སྙིང་ནི་གནད་དོན་འདོན་པ་ཡིན། གནད་དོན་ལ་གོ་བ་གཏིང་ཟབ་ལེན་པར་བྱས་ཏེ་སློབ་མའི་ནུས་པ་སྔོག་འདོན་བྱེད། དྲི་བ་འདོན་དུས་འཚོ་བ་དང་འབྲེལ་བ་ཡོད་པ་དང་དངོས་ཡོད་གནས་ཚུལ་དང་ཤེས་བྱའི་གཏན་ཚིགས་ལྡན་དགོས། སློབ་མའི་མ་འོངས་པའི་སློབ་སྦྱོང་ལ་རྨང་འདིང་བ་དང་ཕྱོགས་ཡོངས་ལ་བསམ་གཞིགས་གི་རིན་ཐང་མངོན་པར་བྱེད་དགོས།
༡༤ དྲི་བ་དང་བསམ་གཞིགས། དྲི་བའི་བསམ་གཞིགས་ཀྱི་གནད་དོན་ནི་བྱ་དངོས་གང་རུང་ལ་བྱེད་ཐབས་ཉག་གཅིག་ལ་རག་ལས་ཡོད་མེད་དང་། ད་དུང་བྱེད་ཐབས་གཞན་པ་ཡོད་མེད་འཚོལ་བ་དེ་ཡིན། གནད་དོན་གང་རུང་ལ་བསམ་གཞིགས་བྱེད་དུས་དེ་ལ་བརྟེན་ནས་འདི་བྱུང་བ་དང་། འདི་ལ་བརྟེན་ནས་དེ་འབྱུང་བའི་རྗེས་དཔག་གི་རིགས་པ་དགོས་པ་ཡིན།
༡༥ བརྩེ་བའི་བསམ་གཞིགས་ཀྱི་གནད་དོན་ནི་མཇུག་འབྲས་འདི་ལྟ་བུ་ཞིག་བྱུང་བར་རང་ཉིད་བློ་ཚིམས་པོ་འདུག་མིན་དང་། རང་ཉིད་ཀྱི་རྒྱུ་འབྲས་བློ་མིག་གིས་དང་ལེན་བྱེད་ཐུབ་མིན་དེ་ཡིན། ཡང་ན་བྱེད་ཐབས་གསར་བ་ཞིག་ལ་བརྟེན་ན་མཇུག་འབྲས་མི་འདྲ་ཅི་ཞིག་འབྱུང་ངམ། བདག་གཞན་བརྗེ་བའི་རིགས་པས་བལྟས་ན་མཇུག་འབྲས་འདིར་བསམ་ཤེས་ཐུབ་པ་འདུག་གམ། གཞན་གྱི་ཚོར་བ་ཁྱེད་ཀྱིས་མྱོང་ཤེས་ཐུབ་མིན་སོགས་ཀྱིས་བསམ་གཞིགས་བྱ་དགོས།
༡༦ སློབ་མར་སྐུལ་ལྕག་གཏོང་བའི་གནད་དོན། སློབ་མ་རྣམས་ཕྱོགས་བསྡུས་ཀྱིས་གནད་དོན་ཅི་ཞིག་འདུག་པར་མཉམ་དུ་ཞིབ་བསྡུར་བྱེད་པ་དང་། གནད་དོན་རེ་རེར་གདོང་སྤྲད་ཀྱིས་དང་ལེན་བྱེད་དུ་འཇུག་པ་ནི་ནུས་ལྡན་གྱི་སྐུལ་ལྕག་གཏོང་ཐབས་ཞིག་ཡིན་པ་དང་། ཤེས་བྱ་ལ་མཐའ་མེད་ཀྱང་བདག་གི་བརྩོན་པ་ལ་ཡང་མཐའ་མེད་པའི་སྙིང་སྟོབས་བསྐྱེད་དགོས།
༡༧ སློབ་མས་གཏམ་བཟང་སྒྲོག་པ་དང་སྐད་ཆ་དྲིས་པར་དེ་མ་ཐག་ལན་སྟེར་བ་དང་། དེ་བཞིན་མི་བཟང་དོན་བཟང་གི་བྱ་སྤྱོད། རྒྱུགས་འབྲས་ཡར་ཐོན་སོགས་བྱུང་བར་དགེ་རྒན་གྱིས་ངེས་པར་དུ་ཁས་ལེན་དང་གདེངས་འཇོག་བྱེད་དགོས། ནམ་རྒྱུན་དགེ་རྒན་འགའ་རེས་སློབ་མའི་བཟང་ཆ་དག་སྣང་ཆུང་དུ་གཏོང་བ་དང་འཛུམ་མདངས་ཡག་པོ་ཞིག་ཀྱང་མི་སྟོན་པ་ནི་དཔེ་ཆ་ཁྲིད་ཤེས་པའི་དགེ་རྒན་ཙམ་ལས་སློབ་མ་སྐྱོང་བའི་དགེ་རྒན་ཞིག་མིན་ནོ།།
༡༨ སློབ་སྐབས་རེ་རེའི་ནང་དུ་སློབ་མས་ཆེས་དགའ་བསུ་ཐོབ་པའི་དགེ་རྒན་གང་དག་ཡིན་པ་དང་། སློབ་མ་རྣམས་དགེ་རྒན་རིགས་གང་དག་ལ་དགའ་བར་རྒྱུས་ལོན་བྱས་ཏེ། རང་ཉིད་ཀྱི་མི་འདང་སར་ཤུགས་སྣོན་རྒྱག་དགོས། མུ་མཐུད་དུ་སློབ་དེབ་ལ་བརྩོན་པས་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཐབས་རྩལ་ཕུན་སུམ་ཚོགས་པ། ཤེས་བྱའི་ཁྱབ་ཁོངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མཁས་པ་ཡོན་ཏན་དཔག་མེད་ཀྱང་།། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན་པའི་ཀུན་སྤྱོད་ཆགས་པར་བྱེད།
༡༩ སློབ་ཐུན་རེ་རེ་འཚོག་སྐབས་འཛམ་གླིང་མི་དམངས་ཀྱིས་ཁྱོད་ཀྱིས་སློབ་ཁྲིད་ལ་ཉན་བཞིན་པ་དང་། ཁྱོད་ཀྱིས་འཛམ་གླིང་མི་དམངས་ལ་ཡང་དག་པའི་ཤེས་བྱ་ཁྲིད་སྟོན་བྱེད་བཞིན་པའི་འཆར་བཀོད་བྱས་ཏེ་སློབ་ཁྲིད་ལ་ནན་ཏན་གྱིས་འགན་ཁུར་བ་དང་། དངོས་ཐོག་བདེན་འཚོལ། ལྟ་ཚུལ་གུ་ཡངས་ཀྱི་རྣམ་པས་རང་གི་བློ་གྲོས་ཀྱིས་བཅུད་ཕྱུངས་ཏེ་སློབ་ཁྲིད་བཟང་པོ་ཞིག་བྱེད་དགོས་པ་དང་། སློབ་མས་དཔྱིད་ཀྱི་མཛེས་སྡུག་ཉམས་སུ་མྱོང་བ་བཞིན་ཡིད་ལ་དགའ་བདེ་སྟེར་ཐུབ་པ་བྱེད།
༢༠ དུས་ཚོད་ལ་དམ་འཛིན་བྱེད་དགོས། ཚད་བཀག་རང་བཞིན་ཆེ་བའི་སློབ་གྲྭའི་དུས་ཚོད་ལ་དམ་འཛིན་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ་སློབ་མས་ཤེས་བྱ་མང་ཙམ་ཁོང་དུ་ཆུད་ཐབས་བྱེད་པ་དང་། སློབ་མས་དུས་ཚོད་དང་ཤེས་བྱ། ལང་ཚོ་དང་མཛེས་སྡུག ཕུགས་བསམ་དང་འབད་བརྩོན་གྱི་འབྲེལ་བ་རྟོགས་པ་དང་། མི་གཞི་ཡག་པོ་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཆགས་པར་འབད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།