གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་།

རྩོམ་པ་པོ།:གསར་སྐྱེས་མེ་ཏོག་བྱིས་གཉོར་གླི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-05 09:48:00 ཀློག་གྲངས།:

གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་།

     གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་སུམ་མདོ་གྲོང་བརྡལ་གྱི་བྱེ་སྣའི་ཁྲོམ་རའི་ཤར་ཕྱོགས་ཀྱི་རྨིད200ཡི་མཚམས་སུ་ཡོད། སློབ་གྲྭའི་ཁོར་ཡུག་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ4000དང་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ1600ལྷག་གིས་གྲུབ་པ་དང་། ད་ལྟ་གླིང་འདིར་འཛིན་གྲྭ3དང་ཁྱོན་བསྡོམས་སློབ་མ96ཙམ་གྱིས་རིག་པའི་གནས་ལ་འབད་འབུངས་ལྷོད་མེད་བྱེད་བཞིན་མཆིས་ལ། སློབ་གཙོ1དང་སློབ་གཙོ་གཞོན་པ2། དགེ་རྒན6། ཇ་མ1། སྒོ་སྲུང1བཅས་ཁྱོན་དགེ་བཟོ་བ11ཡོད།
     བྱིས་གཉོར་གླིང་འདིའི་སློབ་སྒྲུབ་སྒྲིག་ཆས་ཐད་གློག་ཀླད13དང་བསྐྱར་དཔར་འཕྲུལ་ཆས2། ཆ་ཚང་བའི་བྱིས་པའི་རྩེད་ཆས་ཁག2། གཞུང་སྒྲུབ་ཁང1། སློབ་ཁང4། དཔེ་མཛོད་ཁང1། བཤམས་སྟོན་ཁང1བཅས་ཡོད་པ་ལས། དཔེ་མཛོད་ཁང་དང་བཤམས་སྟོན་ཁང་གཉིས་ནི་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གིས་ལོ་ངོ་དུ་མའི་རིང་ལ་བརྩོན་པ་ལྷུར་ལེན་གྱིས་དཔེ་ཆ་དང་རིག་དངོས་བསྡུ་སྒྲིག་བྱས་ནས་བསྐྲུན་པ་ཡིན་ཏེ། དཔེ་མཛོད་ཁང་ལ་བོད་ཀྱི་དམངས་སྒྲུང་དང་ཁ་དོག་ངོས་འཛིན། རྒྱའི་དམངས་སྒྲུང་གྲགས་ཅན་གྱི་འགྱུར་རྩོམ། སློབ་ལོ་མ་རན་པའི་བྱིས་པའི་ཆེད་སྤྱོད་སློབ་གསོའི་དཔེ་དེབ།ནུབ་གླིང་གི་གྲགས་ཆེ་བའི་བྱིས་སྒྲུང་འགྱུར་མ་སོགས་བརྗོད་བྱ་སྣ་མང་འདུས་པའི་དཔེ་ཆ་ཁྱོན་དེབ916ཡོད་པ་ལས་བོད་ཡིག་དཔེ་ཆ270དང་རྒྱ་ཡིག་དཔེ་ཆ589། དབྱིན་ཡིག་དཔེ་ཆ32། རྩིས་རིག་དཔེ་ཆ25བཅས་ཡོད། བཤམས་སྟོན་ཁང་དུ་ཡང་སྣོད་ཀྱི་རིགས་དང་སྒའི་རིགས། སྟན་གྱི་རིགས། རྡོའི་རིགས། སྒམ་གྱི་རིགས། མཚོན་ཆའི་རིགས་སོགས་རྒྱུ་ཆ་བལ་དང་ཤིང་། རྡོ། རྩིད་པ། ཕྱིང་བ། ཀོ་བ། རེ་ལྡེ་སོགས་ཀྱིས་བཟོས་པའི་དངོས་རིག་ཁྱོན106ལྷག་ཡོད་པ་ཐམས་ཅད་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་བྱིས་པའི་སློབ་གསོའི་ཐད་ལ་དམིགས་ནས་བསྒྲུབས་པ་ཤ་སྟག་ལགས།

     འདས་ཟིན་པའི་བགྲང་བྱ་བཅུ་གཅིག་ནི་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་དཀའ་སྡུག་གི་བགྲང་བྱ་བཅུ་གཅིག་ཡིན་ཏེ། ས་གནས་ཁོར་ཡུག་གི་རྗེས་ལུས་སློབ་གསོ་དང་དཔལ་འབྱོར་ཡོང་འབབ་དམའ་བ། མི་སྒེར་གྱི་བསམ་བློའི་གོ་རྟོགས་དམའ་བ་སོགས་ཀྱིས་ས་ཁུལ་འདིའི་སློབ་གསོའི་ལས་དོན་ལ་དཀའ་ཁག་མང་དུ་འཕྲད། སྔོན་ཆད་ཡིན་ན་སྡེ་བ་རེ་ན་བཅའ་སྡོད་སློབ་གྲྭ་གཅིག་རེ་ཡོད་ཀྱང་ད་ལྟ་མང་ཆེ་ཤོས་ཁུ་བསྡུ་བྱས་ཏེ་གཅིག་གྱུར་གྱི་སློབ་ཁུལ་ལྟེ་གནས་བཙུགས། ལྷག་པར་ཏུ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཀྲུང་གོའི་ནང་ཁུལ་དུ་ཡང་བྱིས་གཉོར་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱས་ནས་བྱིས་པའི་སློབ་གསོ་གོང་འཕེལ་དུ་གཏོང་བའི་རླབས་ཆེན་བྱ་གཞག་ལ་ཤུགས་སྣོན་བརྒྱབ་པས་གཡུར་ཏུ་ཟ་བའི་འབྲས་བུ་བླངས། ཡིན་ནའང་། རང་རེའི་ས་ཁུལ་དུ་སྔར་བཞིན་སྐྱ་ཟད་སྔོ་སྡུག་གི་སློབ་གསོའི་གནས་བབས་བསྒྱུར་བཅོས་མ་ཐེབས་པར་ལུས་ཡོད་པས། མི་རིགས་སློབ་གསོའི་ལས་དོན་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱག་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་ཉག་གཅིག་ཡིན།
     གོང་གསལ་གྱི་རྒྱུ་རྐྱེན་དག་ལ་དམིགས་ནས་སློབ་གཙོ་ཡི་དམ་ཚེ་རིང་གཙོ་བྱས་པའི་བོན་བརྒྱ་སྡེ་དྲུག་གི་ན་གཞོན་ལྷག་བསམ་ཅན་འགའ་ཞིག་གིས་ཉམ་ང་བའི་ས་གནས་སློབ་གསོའི་ལས་དོན་ལ་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བ། ཁྱད་པར་ཏུ་བྱིས་པའི་སློབ་གསོ་དམིགས་སུ་བཟུང་སྟེ། སྐད་ཆའི་ནུས་པ་གསོ་སྐྱོང་དང་། བྱིས་པའི་སེམས་ཁམས་དང་ལུས་ཕུང་བདེ་ཐང་། བྱིས་པའི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས། སྤྱི་ལོ2003ལོའི་དགུན་གནང་གི་སྐབས་སུ་སློབ་གཙོ་ཡི་དམ་ཚེ་རིང་དང་སྨན་པ་བཟོད་པ། སྨན་པ་ཚེ་རིང་དོན་གྲུབ། དགེ་རྒན་ཚུལ་ཁྲིམས་སོགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་དགེ་རྒན་གདན་འདྲེན་བྱས་ནས་གསབ་སྦྱོང་འཛིན་གྲྭ་བཙུགས། འདི་ནི་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་ཆེས་ཐོག་མའི་རྣམ་པ་ཡིན་ཏེ། ལོ་འདི་ནས་སྤྱི་ལོ2006ལོའི་བར་དུ་སྔ་རྗེས་སུ་གསབ་སྦྱོང་འཛིན་གྲྭ་ཐེངས་བདུན་ལ་བསྒྲུབས་པ་དང་སློབ་མ160ལྷག་སྐྱེད་སྲིང་བྱས་པ་དང་། སྤྱི་ལོ2010ནས་སྤྱི་ལོ2014ལོའི་བར་དུ་བྱིས་གཉོར་གླིང་གི་སློབ་གསོའི་ལས་དོན་བསྒྲུབས་པ་ལས་གཞན་ཐེངས་དགུ་ལ་གསབ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་སློབ་མ1060ལྷག་འདུས་པས། སྤྱི་ལོ2003ནས་སྤྱི་ལོ2014ལོའི་བར་ཁྱོན་གསབ་སྦྱོང་སློབ་མ1220ལྷག་ལ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་ནས་བོད་རྒྱ་དབྱིན་གསུམ་གྱི་དང་བླངས་དགེ་རྒན་གདན་འདྲེན་བྱས་ནས་སློབ་ཁྲིད་བྱས་པས། ས་གནས་མང་ཚོགས་དང་འབྲེལ་ཡོད་འགོ་ཁྲིད། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་མང་པོས་རྒྱབ་སྐྱོར་དང་བསྟོད་བསྔགས་ཚད་མེད་གནང་།

     སྤྱི་ལོ2006ལོར་སློབ་གཙོ་ཡི་དམ་ཚེ་རིང་གིས་རང་གི་ཁང་བ་གྱན་གསུམ་ཡོད་པ་སྤྱི་གཞུང་སློབ་ཁང་དུ་བཞག་པ་དང་རང་ཉིད་རྒྱ་ཡིག་དགེ་རྒན་དང་ཚུལ་ཁྲིམས་ལགས་བོད་ཡིག་དགེ་རྒན་བྱས་ནས་བྱིས་གཉོར་གླིང་གི་སློབ་གྲྭའི་རྣམ་པ་དངོས་སུ་ཚུགས། ལོ་དེར་སྡེ་བ་བཅུ་གཅིག་གི་སློབ་མ102ཙམ་བྱིས་གཉོར་གླིང་འདིར་ཞུགས། སྤྱི་ལོ2006ནས་སྤྱི་ལོ2014ལོའི་བར་ཁྱོན་སློབ་མ332སྐྱེད་སྲིང་བྱས་ཏེ་ཡུལ་ཚོ་རིམ་པ་དང་རྫོང་རིམ་པའི་སློབ་ཆུང་དུ་བསྐྱལ། སྤྱི་ལོ2009ལོའི་ཟླ7པའི་ཚེས22ཉིན་ཡུལ་ཚོ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་ལ་བརྟེན་ནས་བྱིས་གཉོར་གླིང་བཙུགས་ཆོག་པའི་ཆོག་མཆན་དངོས་སུ་ཐོབ་པ་དང་། མ་དངུལ་སྒོར118230བཏང་ནས་སློབ་གྲྭར་འཛུགས་སྐྲུན་རྒྱ་ཆེར་བྱས། སྐབས་དེར་དགེ་རྒན་གསུམ་དང་ལས་བཟོ་བ5བཅས་ཁྱོན་དགེ་བཟོ་བ8ཡོད།
     སྤྱི་ལོ2006ནས་སྤྱི་ལོ2014ལོའི་བར་དུ་མང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་མཛའ་མཐུན་དགེ་རྩ་ཚོགས་པ། གཞན་ད་དུང་བླ་སྤྲུལ་དང་ཆེད་མཁས་པ་མང་པོའི་རྒྱབ་སྐྱོར་དང་ལྷག་བསམ་ལ་བརྟེན་ནས་ད་ལྟ་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་སློབ་གྲྭའི་ཁོར་ཡུག་འཛུགས་སྐྲུན་དང་། སློབ་སྒྲུབ་སྒྲིག་ཆས་སོགས་ལའང་སྔར་ལས་ལྷག་པའི་འཕེལ་རྒྱས་མི་དམན་པ་བྱུང་བས། སློབ་ཞུགས་སློབ་མའི་གྲངས་ཚད་ཀྱང་ཇེ་མང་དུ་ཕྱིན་ཡོད།   མི་རིགས་སློབ་གསོའི་ལས་དོན་ནི་རྒྱལ་ཁབ་སློབ་གསོའི་འཕེལ་རྒྱས་དང་ལས་དོན་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། བྱིས་པའི་སློབ་གསོ་ནི་སྤུས་ཚད་སློབ་གསོའི་འབྱུང་གནས་དང་མ་རྐང་ལྟ་བུ་ཡིན་པས། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་འཕེལ་རྒྱས་སུ་འགྲོ་དགོས་ན་སྤུས་ཚད་སློབ་གསོའི་གཞི་རྐང་དུ་གྱུར་པའི་བྱིས་པའི་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པས། གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གི་དགེ་བཟོ་བ་ཡོངས་ཀྱིས་མི་རིགས་སློབ་གསོའི་ལས་དོན་ལ་ལུས་སེམས་གཉིས་ཀས་ཞབས་ཞུ་བླ་ལྷག་ཏུ་བསྒྲུབ་རྒྱུ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།