བོད་ཀྱི་ཡང་དག་པའི་སློབ་གསོའི་ཁ་གཏད་ས་གང་ཡིན།
གཙང་ཨ་རིག་སྒ་གངས་བུ་རིགས་ཞེན། དྲི་བ། བོད་ཀྱི་ཡང་དག་པའི་སློབ་གསོའི་ཁ་གཏད་ས་གང་ཡིན།
ཤེས་རབ་བསྟན་དར། ལན། ཡང་དག་པའི་སློབ་གསོ་ཞིག་ཡིན་ན་དཔལ་ཡོན་ཟུང་ལྡན་གྱི་སློབ་གསོ་ཞིག་ཡིན་དགོས་ལ། སྤྱི་ཚོགས་ལ་ཁ་གཏོད་པ་དང་། འབྱུང་འགྱུར་ལ་ཁ་གཏོད་པ། དུས་རབས་ལ་ཁ་གཏོད་པ་གསུམ་ནི་ངེས་པར་གལ་ཆེ། དང་བོ་དཔལ་ཡོན་ཟུང་ལྡན་གྱི་སློབ་གསོ་བྱ་དགོས་དོན་ནི་སློབ་གསོས་མི་རིགས་ཤིག་གསོ་སྐྱོང་བྱ་དགོས་པས་མི་རིགས་དེ་ནི་དཔལ་ཡོན་གཉིས་ལྡན་ཞིག་ལས་ཀླ་ཀློའི་དམུ་རྒོད་ཀྱི་མི་རིགས་ཤིག་གསོ་སྐྱོང་བྱ་མི་རུང་བ་དེ་ཡིན། དེ་ནི་ང་ཚོས་སྲོལ་རྒྱུན་སློབ་གསོ་རྨང་གཞིར་འཛིན་དགོས་པའི་གལ་ཆེན་རང་བཞིན་ཡིན་ཏེ་སྤྱིར་ན་མི་རིགས་ཤིག་གསོ་སྐྱོང་བྱེད་པ་ལ་དེའི་སྲོལ་རྒྱུན་རྨང་གཞིར་བཟུང་དགོས་པའི་ངེས་པ་མེད་ཅིང་བོད་ལ་མཚོན་ན་ཀུན་སྤྱོད་རིག་གནས་དང་བསམ་པའི་དཔལ་ཡོན་སྙིང་བོར་འཛིན་པའི་སྔོན་ཐོན་རིག་གནས་ཤིག་ཡོད་པས་དེ་གནད་དུ་འཛིན་དགོས་པ་ནི་ལོ་རྒྱུས་ཀྱི་འོས་འགན་རེད།
རྨང་གཞི་དེའི་སྟེང་ནས་ཁ་གཏད་པ་གསུམ་བཤད་ན་དང་བོ་སྤྱི་ཚོགས་ལ་ཁ་གཏོད་པ་ནི་བོད་ཀྱི་སློབ་གསོ་ནི་བོད་མི་རིགས་གོང་འཕེལ་དུ་གཏོང་བའི་སློབ་གསོ་རེད། སློབ་གསོ་འདིས་ངེས་པར་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་དགོས། ཐག་གིས་གཅོད་མི་ཐུབ་ན་དེ་ནི་བོད་ཀྱི་མི་རིགས་ཀྱི་སློབ་གསོ་ལམ་ལྷོངས་མ་བྱུང་བའི་རྟགས་རེད། དེས་ན་སློབ་གསོ་གནད་དུ་འཛིན་དུས་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་ཁ་གཏོད་ས་སྤྱི་ཚོགས་ཀྱི་གནས་བབས་དང་བསྟུན་ན་སློབ་གསོ་དེར་ལེགས་འབྲས་འབྱུང་བས་གནད་དོན་འདི་ནི་ཤིན་ཏུ་གལ་ཆེ་བ་རེད།
ཁ་གཏད་ས་གཉིས་པ་ཡང་མ་འོངས་པར་ཁ་གཏོད་པ་ནི་མི་ཞིག་ཡིན་ན་དེ་རིང་ཁོ་ན་ལ་འདང་བརྒྱབས་པས་མི་ཆོག་པར་སང་ཉིན་ལ་ངེས་པར་དུ་འདང་བརྒྱག་དགོས་པ་རེད། གལ་ཏེ་སང་ཉིད་ལ་འདང་མ་བརྒྱབས་ན་དེ་རིང་བྱ་བ་ལེགས་ཀྱང་སང་ཉིན་ཕམ་ཁ་འབྱུང་ཁོ་ཐག་ཡིན། དེ་བས་མི་རིགས་ཀྱི་སློབ་གསོ་དམ་འཛིན་བྱེད་པར་མིག་སྔའི་གནས་བབས་ལ་བལྟ་དགོས་མོད་མ་འོངས་པའི་མདུན་ལམ་ལ་བལྟ་རྒྱུ་ནི་ངེས་པར་གལ་ཆེ་བ་ཞིག་རེད། དེ་བས་ངེས་པར་མ་འོངས་པར་བལྟ་རྒྱུ་ནི་ཡང་དག་པའི་སློབ་གསོ་ཞིག་ཡིན་མིན་གྱི་ཚད་གཞི་ཉག་ཅིག་རེད་སྙམ།
གསུམ་པ་འཛམ་གླིང་ལ་ཁ་གཏོད་པ་ནི་མི་རིགས་སློབ་གསོ་ཞིག་ཡིན་ན་ཁོར་ཡུག་དོག་པོ་ཞིག་དང་བསྟུན་ན་མི་རུང་སྟེ་བྱེད་ཐབས་ཀྱི་སྟེང་ནས་འཛམ་གླིང་གི་སྔོན་ཐོན་རང་བཞིན་ཅན་དུ་བསྒྱུར་དགོས་ལ་དམིགས་ཡུལ་ཀྱི་སྟེང་ནས་ཀྱང་འཛམ་གླིང་གི་རང་བཞིན་ཅན་དུ་བསྒྱུར་དགོས་པ་རེད། དེ་ནི་སྤྱིར་བཤད་ན་བློ་རྒྱ་བསྐྱེད་པ་ཞིག་རེད། བློ་རྒྱ་བསྐྱེད་མི་ཐུབ་པའི་སློབ་གསོ་ནི་སློབ་གསོ་ཡང་དག་ཅིག་མིན། དེ་བས་ཁ་གཏད་ས་གསུམ་པ་འདི་ནི་བོད་ཀྱི་སློབ་གསོས་མི་རིགས་རང་ལ་སྔར་ལས་ལྷག་པར་ནུས་པ་གདོན་ཐུབ་པའི་ཆེད་དུ་རེད་སྙམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com