ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་སྐབས་བཞི་བའི་གཞི་རིམ་རྐང་འཛིན་དགེ་རྒན་གསོ་སྦྱོང་།

རྩོམ་པ་པོ།:ཟི་ལིང་གངས་རྒྱན་སློབ་གསོ་གསོ་ས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-23 11:07:00 ཀློག་གྲངས།:

ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་སྐབས་བཞི་བའི་གཞི་རིམ་རྐང་འཛིན་དགེ་རྒན་གསོ་སྦྱོང་།
ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་སྐབས་བཞི་བའི་གཞི་རིམ་རྐང་འཛིན་དགེ་རྒན་གསོ་སྦྱོང་།

        ཟླ5བའི་ཚེས20ཉིན། སྐྱེ་རྒུ་ཡུལ་གྱི་སློབ་གྲྭ་མཐོ་འབྲིང་གི་བོད་ཡིག་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་དེ་ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི་མཛུབ་སྟོན་དང་བཀོད་སྒྲིག་འོག  ཟི་ལིང་དམ་པའི་ཕོ་བྲང་རྒྱལ་སྤྱིའི་གསོལ་སྟོན་ཁང་དུ་སྤེལ།
        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་རྭ་རྒྱ་ཤེས་རིག་ནོར་བུ་གླིང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྒྱ་མཚོ། མཚོ་སྔོན་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་སློབ་གཙོ་གཞོན་པའམ་སློབ་དཔོན་ཆེན་མོ་བན་དེ་ཚེ་རིང་། མཚོ་སྔོན་གློག་འཕྲིན་ཁང་གི་རྒན་ལྷ་མོ་སྐྱབས་སོགས་དགེ་རྒན་ཆེན་མོ་སྐོར་ཞིག་གདན་འདྲེན་ཞུས་ཡོད་པ་རེད།
        སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐོག་མར་རང་ཉིད་ཀྱིས་བསྒྲུབས་པའི་རྭ་རྒྱ་ཤེས་རིག་ནོར་བུ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་བཙུགས་པའི་ལོ་རྒྱུས་རགས་བསྡུས་ཤིག་དང་།  དམིགས་ཡུལ། ད་ལྟའི་གྲུབ་འབྲས་སོགས་གསོ་སྦྱོང་དགེ་རྒན་རྣམས་ལ་ངོ་སྤྲོད་བྱས་ཤིང་། དེ་ནས་བོད་ཀྱི་རིག་གཞུང་དུ་དགེ་རྒན་གྱི་མཚན་ཉིད་དང་ཚད་གཞི། སྤྱི་ཚོགས་ཀྱི་གོ་གནས། གཞན་ཕན་གྱི་དགེ་སྒྲུབ་སོགས་ཀྱི་ལྟ་བ་འཆད་རྗེས་དེ་དག་འཛམ་གླིང་སློབ་གསོའི་ཁ་ཕྱོགས་དང་རང་རྒྱལ་གྱི་སློབ་གསོའི་འཕེལ་རྒྱས། ད་ལྟའི་བོད་མི་རིགས་ཀྱི་སློབ་གསོའི་གནས་བབ་དག་ལ་ཞིབ་བསྡུར་བྱས་ནས་བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་བོད་ཀྱི་སྲོལ་རྒྱུན་སློབ་གསོ་བྱེད་སྟངས་ལ་བརྟེན་དགོས་པའི་གལ་ཆེན་རང་བཞིན་སོགས་འཆད་ཁྲིད་གནང་རྗེས། སླར་ཡང་བགྲོ་གླེང་བསྡུས་ནས་གསོ་སྦྱོང་དུ་ཕེབས་པའི་དགེ་རྒན་རྣམས་ཀྱིས་རང་གི་ལྟ་ཚུལ་བརྗོད་པའམ་འདྲི་གཞི་དྲིས།  ཁོང་གིས་འདྲི་གཞི་རེ་རེ་ལ་གནད་དུ་ཁེལ་བའི་ལན་བཏབ།


སློབ་ཁྲིད་ཀྱི་སྐབས་སུ་ཚོ་ཆུང་དགར་ནས་བསམ་བློ་བརྗེ་རེས་དང་འདྲི་གཞི་འདོན་པ།

        མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྒྱ་མཚོ་ལགས་ཀྱིས་སྐད་གཉིས་སློབ་གསོའི་མཚན་ཉིད་དང་། ཁྱད་ཆོས། བྱེད་ཐབས། དགེ་མཚན་སོགས་ངོ་སྤྲོད་བྱས་རྗེས། ད་ལྟའི་འབྲོག་ཁུལ་གྱི་སྐད་གཉིས་སློབ་གསོ་སྒྲུབ་ལུགས་དང་གྲུབ་འབྲས་ཞིབ་བསྡུར་བྱས་ཏེ་སྐྱེ་རྒུ་ས་ཁུལ་གྱི་སྐད་གཉིས་སློབ་གསོ་ཇི་ལྟར་སྒྲུབ་ན་འོས་ཤིང་འཚམ་པ་དང་། གནད་དོན་གང་དག་ཡོད་པ་སོགས་ཚོ་ཆུང་དགར་ནས་བགྲོ་གླེང་དང་འཆད་ཁྲིད་ཟུང་འབྲེལ་གྱི་སྒོ་ནས་སློབ་ཁྲིད་གནང་བ་མ་ཟད། རང་ཉིད་ཧྥུན་ལན་ལ་སློབ་སྦྱོང་དུ་སོང་བའི་མཐོང་ཐོས་མྱོང་གསུམ་དང་། དེའི་སློབ་གསོ་སྒྲུབ་སྟངས། ཧྥུན་ལན་གྱི་སློབ་གསོ་ནི་འཛམ་གླིང་སློབ་གསོའི་ཡང་རྩེ་ཡིན་པ་སོགས་གསོ་སྦྱོང་དུ་ཕེབས་པའི་དགེ་རྒན་རྣམས་ལ་ངོ་སྤྲོད་གསལ་བོ་བྱས།
        མཚོ་སྔོན་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་གི་སློབ་གཙོ་གཞོན་པ་སློབ་དཔོན་ཆེན་མོ་བན་དེ་ཚེ་རིང་ལགས་ཀྱིས་སློབ་གྲྭ་མཐོ་འབྲིང་གི་སློབ་མའི་སེམས་ཁམས་གསོ་ཐབས་དང་དགེ་རྒན་གྱི་སེམས་ཁམས་སྙོམས་སྒྲིག་སྐོར་བོད་ཀྱི་གསོ་རིག་གཞུང་ལུགས་དང་འབྲེལ་ནས་འཆད་ཞིང་། དགེ་རྒན་ཞིག་ཡིན་ཕྱིར་སློབ་མའི་སེམས་ཁམས་དང་བསྟུན་ནས་སློབ་ཁྲིད་བྱེད་ཤེས་དང་སློབ་གསོ་གཏོང་ཤེས་བྱེད་དགོས་ལ། གཟའ་ཚོགས་ཀྱི་སྐབས་སུ་སློབ་མར་ལེགས་ཉེས་བླང་དོར་གྱི་གནད་གསལ་བར་བསྟན་ནས་ཡིད་སེམས་དགེ་བའི་ཕྱོགས་ལ་འདྲེན་གང་ནུས་བྱེད་དགོས། གལ་ཏེ་སློབ་མར་སློབ་གསོ་གཏོང་མ་ཤེས་ཚེ། ནར་སོན་རྗེས་རང་སྲོག་གཅོད་པའི་གནས་ཚུལ་ཡང་འབྱུང་སྲིད་པ་སོགས་ཀྱི་གཏམ་བཤད་མང་པོ་གནང་། སློབ་ཁྲིད་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་བགྲོ་གླེང་གི་ཚུལ་གྱིས་དྲི་བ་དྲིས་ལན་གྱི་ཐབས་བཀོལ་ནས་གསོ་སྦྱོང་དགེ་རྒན་རྣམས་ཀྱི་གནད་དོན་དང་དོགས་གཞི་རེ་རེ་ལ་ལན་ཞིབ་མོ་བཏབ།


སློབ་དཔོན་ཆེན་མོ་བན་དེ་ཚེ་རིང་ལགས་ཀྱིས་འཆད་ཁྲིད་གནང་ཚར་
རྗེས་དགེ་རྒན་རྣམས་དང་ལྷན་དུ་བགྲོ་གླེང་བྱེད་པ།

        མཚོ་སྔོན་གློག་འཕྲིན་ཁང་གི་རྒན་ལྷ་མོ་སྐྱབས་ལགས་ཀྱིས་མ་འོངས་པའི་བོད་ཀྱི་སློབ་གསོ་དང་འཕེལ་འགྲིབ། མི་ཚེའི་རིན་ཐང་སོགས་ལ་དམིགས་ཏེ་དགའ་བ་གསུམ་དང་འདུ་ཤེས་གསུམ་ཞེས་པའི་འཆད་ཁྲིད་གནང་བ་སྟེ། ཐོག་མར་དགའ་བ་གསུམ་བརྗོད་པ་ལས་དགའ་བ་ནི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཡིན་པས། དང་པོ་སློབ་སྦྱོང་ལ་དགའ་བ་ཡིན་ལ་སློབ་སྦྱོང་བྱེད་མི་འདོད་པའི་དགྲ་བོ་ནི་སུན་སྣང་ཡིན་ཟེར། གཉིས་པ་ནི་རིག་གནས་ལ་དགའ་བ། འདིའི་ནང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། མཛེས་དཔྱོད་ལྟ་བ་བཅས་གྲུབ་བྱེད་ཀྱི་རིག་གནས་དང་། དེ་མིན་ད་རུང་བོད་པའི་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་ཁང་པ་དང་ཅ་ལག  ཐང་ག་སོགས་ཀྱིས་མཚོན་པའི་སྲ་བའི་རིག་གནས་སོགས་འདུས། གསུམ་པ་ནི་རང་རིགས་ལ་དགའ་པ་བཅས་ཀྱིས་སྐོར་ནས་གསོ་སྦྱོང་དགེ་རྒན་རྣམས་ཀྱིས་རང་གི་སློབ་བུ་དག་ལ་སློབ་གསོ་གང་ལེགས་གཏོང་དགོས་པའི་སྐུལ་མ་གནང་བྱུང་། དེ་ནས་འདུ་ཤེས་གསུམ་སྟེ་ཚད་མ་མེད་པའི་འདུ་ཤེས་དང་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས། རིས་མེད་ཀྱི་འདུ་ཤེས་བཅས་ལ་ཡང་བྱེ་བྲག་གི་དབྱེ་བ་དགར་ནས་མཚན་གཞིའི་དཔེ་དང་བཅས་ཏེ་དཔེ་ཁྲིད་བྱས་པའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།